ཟླ་༩ ཚེས་༧ ཉིན། བྷུ་བ་ནེ་ཤྭར།ཀ་ལིང་ག་བཟོ་ལས་ཚན་རྩལ་གཙུག་ལག་སློབ་ཆེན་(Kalinga Institute of Industrial Technology – KIIT) གྱི་ཁྲིམས་དོན་སློབ་གླིང་གིས། མཁས་དབང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་“ཁྲིམས་ལུགས་དང་། ཀུན་སྤྱོད། ཆབ་སྲིད་ཀྱི་འགོ་ཁྲིད་” (Law, Ethics and Political Leadership) ཅེས་པའི་བརྗོད་གཞིའི་ཐོག་ཁྲིམས་དོན་སློབ་མ་ཚོར་གསུང་བཤད་ཅིག་གནང་ཡོད། གསུང་བཤད་དེར་སློབ་མ་དང་དགེ་རྒན་བསྡོམས་པས་མི་གྲངས་༡༧༠ ལྷག་ཞུགས་ཡོད།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་ནང་གཙོ་བོ་ཆབ་སྲིད་ཀྱི་འགོ་ཁྲིད་དང་། ལྷག་པར་དུ་དེང་སྐབས་ཀྱི་འཛམ་གླིང་ནང་གཞོན་ནུའི་འགོ་ཁྲིད་ཀྱི་གལ་གནད་ཐོག་གསུངས།
ཁོང་གིས་དེང་རབས་ཀྱི་གཞོན་ནུའི་མི་རབས་Gen-Z ནི་ཀུན་སྤྱོད་དང་བཟང་སྤྱོད་ཀྱི་ལངས་ཕྱོགས་ཐད་ཧ་ཅང་སྲ་བརྟན་ཡོད་པ་དང་། ཁོང་ཚོས་ད་ཡོད་ཀྱི་གནས་བབ་དང་ལམ་ལུགས་ལ་འགྲན་སློང་བྱེད་ཤེས་ཀྱི་ཡོད་པ་གསུངས། འོན་ཀྱང་། ད་ཡོད་ཀྱི་ལམ་ལུགས་ལ་འགྱུར་བ་བཏང་རྗེས། དེའི་ཚབ་ཏུ་ལམ་ལུགས་གསར་པ་ཞིག་འཛུགས་པའི་ནུས་པའི་ཐད་ཞན་ཆ་ཆེན་པོ་ཡོད་པའི་དགོངས་ཚུལ་བཏོན་གནང་།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེའི་དཔེ་མཚོན་དུ་ཤྲཱི་ལངྐ་དང་། བལ་ཡུལ། བྷང་ལ་དེ་ཤི་བཅས་ཀྱི་གནས་ཚུལ་དྲངས་གནང་། ཁོང་གི་དགོངས་ཚུལ་ལྟར་ན། རྒྱལ་ཁབ་དེ་དག་ནང་གཞོན་ནུའི་མི་རབས་Gen-Z ཡིས་ད་ཡོད་ཀྱི་ཆབ་སྲིད་གནས་བབ་ལ་འགྱུར་བ་གཏོང་བའི་ཐད་ནུས་པ་གལ་ཆེན་པོ་བཏོན་ཡོད་ཀྱང་། ཕྱིར་ལྟོས་བྱས་ན། ད་ཡོད་ཀྱི་ལམ་ལུགས་ཀྱི་ཚབ་ཏུ་ལམ་ལུགས་གསར་པ་དང་བརྟན་པོ་ཞིག་འཛུགས་པའི་ཐད་ལམ་ལྷོངས་བྱུང་མེད་པ་གསུངས།
དེར་བརྟེན། མཁས་དབང་བློ་བཟང་སེང་གེ་མཆོག་གིས་སློབ་མ་ཚོར་“ང་ཚོ་ཅིའི་ཕྱིར་འགོ་ཁྲིད་ཅིག་ཏུ་འགྱུར་འདོད་བྱེད་ཀྱི་ཡོད་དམ།” ཞེས་པའི་དྲི་བ་དེར་བསམ་གཞིག་ནན་ཏན་བྱེད་དགོས་པའི་སྐུལ་མ་གནང་།
ཁོང་གིས་འགོ་ཁྲིད་ཅིག་ཏུ་མ་གྱུར་གོང་། “ཅིའི་ཕྱིར་”ཞེས་པའི་དྲི་བ་དེ་ནི་ཆེས་གལ་ཆེ་ཤོས་ཡིན་པ་གསུངས། དྲི་བ་འདིའི་ལན་ནང་འགོ་ཁྲིད་བཟང་པོ་ཞིག་ཏུ་འགྱུར་བའི་དོན་སྙིང་ངོ་མ་དེ་གསལ་བར་མཚོན་གྱི་ཡོད་པ་གསུངས།
གལ་ཏེ་མི་ཞིག་གིས་དབང་ཆ་ཐོབ་རྒྱུ་ཁོ་ན་འགོ་ཁྲིད་ཅིག་ཏུ་འགྱུར་བའི་དམིགས་ཡུལ་དུ་བརྩིས་ན། ཉིན་ཞིག་དབང་ཆ་ཤོར་སྐབས་སེམས་ཤུགས་ཉམས་པ་དང་ཡིད་ཆད་སྐྱེ་ངེས་པ་གསུངས།
མདོར་ན། འགོ་ཁྲིད་ཕུལ་བྱུང་ཞིག་ཏུ་འགྱུར་འདོད་ཡོད་ན། དབང་ཆ་ཁོ་ན་ལས་བརྒལ་བའི་དམིགས་ཡུལ་དང་བསམ་བློ་ཞིག་ཡོད་དགོས་པ་དང་། དེ་ལྟར་བྱས་ན་རང་ཉིད་ཀྱི་འགོ་ཁྲིད་ཀྱི་ནུས་པ་ཡུན་རིང་གནས་ཐུབ་པ་གསུངས། དེའི་ཆེད་དུ་མི་ཞིག་སྙིང་རྗེ་དང་ལྡན་པའི་འགོ་ཁྲིད་ཅིག་ཏུ་འགྱུར་དགོས་པ་ནན་བཤད་གནང་།
གསུང་བཤད་ཀྱི་མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་“Voice for the Voiceless” ཞེས་པའི་དེབ་གཅིག་ཀ་ལིང་ག་བཟོ་ལས་ཚན་རྩལ་གཙུག་ལག་སློབ་ཆེན་གྱི་ཁྲིམས་དོན་སློབ་གླིང་གི་སློབ་དཔོན་ཆེན་མོར་ཕྱག་རྟགས་སུ་ཕུལ་གནང་།

