ལྡི་ལིའི་ཁྲིམས་དོན་སློབ་གླིང་ནས་ཧར་ཝརྡ་ཁྲིམས་དོན་སློབ་གླིང་བར་གྱི་བགྲོད་ལམ།

ཟླ་༩ ཚེས་༢༡ ཉིན། ༡༠༨ཞི་བདེ་ལྟེ་གནས། དང་པན་ཇབ་གཙུག་ལག་སློབ་ཆེན་གྱི་ཁྲིམས་དོན་ཞིབ་འཇུག་སློབ་གླིང་(University Institute of Legal Studies) གཉིས་མཉམ་འབྲེལ་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་“ཁྲིམས་ལུགས་དང་། ཀུན་སྤྱོད། ཆབ་སྲིད་ཀྱི་འགོ་ཁྲིད།” (Law, Ethics and Political Leadership) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གོ་སྒྲིག་ཞུས་ཡོད། གསུང་བཤད་དེར་སློབ་མ་དང་དགེ་རྒན་བསྡོམས་པས་མི་གྲངས་༡༥༠ ལྷག་ཞུགས་ཡོད། པན་ཇབ་གཙུག་ལག་སློབ་ཆེན་གྱི་ཁྲིམས་དོན་ཞིབ་འཇུག་སློབ་གླིང་གི་འགན་འཛིན་ཌོག་ཊར་ཤྲུ་ཏི་བེ་ཌི་(Dr. Shruti Bedi) མཆོག་གིས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཕེབས་བསུ་དང་དགའ་བསུ་ཞུས་ཡོད།

གསུང་བཤད་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོ་བོ་སློབ་མ་ཚོའི་མ་འོངས་པའི་མི་ཚེའི་བགྲོད་ལམ་ལ་ཕན་ཐོགས་ཡོང་བའི་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་ཁག་ཅིག་མཉམ་སྤྱོད་གནང་། ཁོང་གིས་ལྡི་ལིའི་ཁྲིམས་དོན་སློབ་གླིང་ནས་ཧར་ཝརྡ་གཙུག་ལག་སློབ་ཆེན་བར་གྱི་རང་ཉིད་ཀྱི་ཤེས་ཡོན་སློབ་གཉེར་གྱི་བགྲོད་ལམ་སྐོར་གསུངས།

ཁོང་གིས། གལ་ཏེ་ཁྱེད་རང་གིས་དམིགས་ཡུལ་ཞིག་འགྲུབ་པར་ཧ་ཅང་དཀའ་ལས་ཆེན་པོ་ཡོད་པར་བསམ་ཚེ། དེ་འགྲུབ་ཐབས་སུ་ངེས་པར་དུ་འབད་བརྩོན་ནན་ཏན་བྱེད་དགོས། དེ་ལྟར་བྱས་པ་ཁོ་ནའི་ཐོག་ནས་ཁྱེད་རང་མི་གཞན་ལས་ཁྱད་པར་ལྡན་པ་ཞིག་ཏུ་འགྱུར་ཐུབ་ཅེས་ནན་བཤད་གནང་།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་མི་ཚེའི་ཉམས་མྱོང་ཁག་ཅིག་གླེང་སྐབས། “གསུམ་གྱི་ཐབས་ལམ་” (Three Things) ཞེས་པའི་རྩ་འཛིན་ཞིག་ངོ་སྤྲོད་གནང་། དེ་ཡང་གསར་འགོད་བཅར་འདྲི་ཡིན་ནའང་འདྲ། ལས་ཀའི་བཅར་འདྲི་ཡིན་ནའང་འདྲ། དུས་རྟག་ཏུ་“བཤད་དགོས་པའི་གནད་དོན་གསུམ་”དང་། “གཡོལ་དགོས་པའི་གནད་དོན་གསུམ་” དེ་བཞིན་“སྔོན་དཔག་བྱེད་དགོས་པའི་གནད་དོན་གསུམ་”བཅས་ཀྱི་གྲ་སྒྲིག་བྱེད་དགོས་པ་གསུངས།

དཔེར་ན། གལ་ཏེ་ཁྱེད་རང་ལས་ཀའི་བཅར་འདྲིར་འགྲོ་གི་ཡོད་ཚེ། ཕ་རོལ་པོས་དྲི་བ་གང་འདྲ་བཏོན་རུང་། རང་ཉིད་ཀྱིས་ངེས་པར་དུ་བཤད་དགོས་པའི་གནད་དོན་གསུམ་སྔོན་ཚུད་ནས་གྲ་སྒྲིག་བྱས་ཡོད་དགོས། དེས་རང་ཉིད་ཀྱི་འཇོན་ཐང་དང་འོས་འཚམ་ཡིན་པ་གསལ་སྟོན་བྱེད་པར་ཕན་ཐོགས་ཡོང་ཐུབ། ཁོང་གིས་ཐབས་ལམ་འདི་མི་ཚེའི་ཕྱོགས་གང་སར་སྤྱོད་ཐུབ་པའི་ཕན་ཐོགས་ཆེ་བའི་ཐབས་ལམ་ཞིག་ཡིན་པ་གསུངས།

མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་“Voice for the Voiceless” ཞེས་པའི་དེབ་གཅིག་པན་ཇབ་གཙུག་ལག་སློབ་ཆེན་གྱི་ཁྲིམས་དོན་ཞིབ་འཇུག་སློབ་གླིང་གི་འགན་འཛིན་ཌོག་ཊར་ཤྲུ་ཏི་བེ་ཌི་མཆོག་ལ་ཕྱག་རྟགས་སུ་ཕུལ་གནང་།

གསུང་བཤད་འདིའི་སྐོར་ས་གནས་ཀྱི་ཚགས་པར་Dainik Savera དང་Punjab Kesari སོགས་ཀྱི་ཐོག་ཏུའང་གནས་ཚུལ་སྤེལ་ཡོད།