ལྡི་ལི་གསར་པའི་ལྟ་ཞིབ་ཞིབ་འཇུག་ཐེབས་རྩ་ཁང་དུ་བགྲོ་གླེང་ཚོགས་འདུ་ཚོགས་པ།

ཟླ་༩ ཚེས་༣ ཉིན། ལྡི་ལི་གསར་པ།༡༠༨ཞི་བདེ་ལྟེ་གནས། དང་ལྟ་ཞིབ་ཞིབ་འཇུག་ཐེབས་རྩ་ཁང་(Observer Research Foundation – ORF) གཉིས་ཀྱིས་མཉམ་འབྲེལ་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་དང་ལྷན་དུ་བོད་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པར་ཤུགས་རྐྱེན་ཐེབས་བཞིན་པའི་གནད་དོན་ཁག་གི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད། བགྲོ་གླེང་དེའི་ནང་གོང་ས་སྐྱབས་མགོན་ཆེན་པོ་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནས་པེ་ཅིང་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལུགས་ལ་དོ་སྣང་ཇེ་ཆེར་གཏོང་བཞིན་པའི་གནས་བབ་བར་གྱི་གནད་དོན་ཁག་ལ་དཔྱད་གླེང་གནང་།

བགྲོ་གླེང་ཚོགས་འདུ་དེའི་སྟངས་འཛིན་པ་ནི་ལྡི་ལི་གསར་པར་གནས་པའི་ལྟ་ཞིབ་ཞིབ་འཇུག་ཐེབས་རྩ་ཁང་གི་ཞིབ་འཇུག་པ་ཀལ་པིཏ་ཨེ་མན་ཀི་ཀར་(Kalpit A. Mankikar) ཡིན་ཞིང་། ཚོགས་འདུ་དེར་མཁས་པ་དང་། ཞིབ་འཇུག་པ། སྲིད་ཇུས་བཟོ་མཁན་བཅས་མི་གྲངས་༨༠ ལྷག་ཞུགས་ཡོད།

བགྲོ་གླེང་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བ་བསྐྱར་སྙོམས་དང་ལེགས་བཅོས་བྱེད་ཐབས་ལ་འབད་བརྩོན་བྱས་པའི་ཐད་དོགས་ཟོན་བྱེད་དགོས་པའི་གསུང་བཤད་གནང་།

ལྷག་པར་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་BRICS རྒྱལ་ཁབ་ཁག་གི་དབུ་ཚོགས་ལ་མཉམ་ཞུགས་བྱས་པ་དེས། རྒྱ་གར་ནང་རྒྱ་ནག་དང་འབྲེལ་བ་བསྐྱར་སྙོམས་བྱེད་དགོས་པའི་བསམ་ཚུལ་སླར་ཡང་སྐྱེས་སུ་བཅུག་ཡོད་པ་གསུངས། འོན་ཀྱང་། BRICS དབུ་ཚོགས་ཚོགས་བཞིན་པའི་སྐབས་སུའང་རྒྱ་ནག་གིས་ཨ་རུ་ན་ཅལ་པྲ་དེ་ཤིའི་ཐོག་ས་ཁོངས་ཀྱི་བདག་དབང་རྩོད་པ་མུ་མཐུད་ནས་བྱེད་བཞིན་ཡོད་པ་གསུངས།

དེར་བརྟེན། ཁོང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་རྒྱ་ནག་གིས་རྒྱ་གར་དང་འབྲེལ་བ་བསྐྱར་སྙོམས་བྱེད་འདོད་ངོ་མ་མེད་པ་མངོན་གསལ་ཡིན་པའི་དགོངས་ཚུལ་བཏོན་གནང་།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་གོང་ས་སྐྱབས་མགོན་ཆེན་པོ་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་ཡུག་རེན་གྱི་དམག་འཁྲུག་དབར་འབྲེལ་བ་ཡོད་པའི་དགོངས་ཚུལ་ཡང་བཏོན་གནང་།

ཁོང་གི་དགོངས་ཚུལ་ལྟར་ན། རྒྱ་ནག་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་གཏོང་ཆེད་དམག་འཁྲུག་དེ་ཡུན་རིང་དུ་འགྱངས་ཐབས་བྱེད་བཞིན་ཡོད་པ་གསུངས།

ཨུ་རུ་སུའི་ཁོངས་སུ་གོང་ས་ཏཱ་ལའི་བླ་མ་མཆོག་དང་ནང་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་གསུམ་ཡོད་པས། རྒྱ་ནག་གིས་གོང་ས་མཆོག་གི་ཤུགས་རྐྱེན་འགོག་ཆེད་ས་ཁུལ་དེ་དག་ལ་ཚོད་འཛིན་བྱེད་འདོད་ཡོད་པའི་དགོངས་ཚུལ་བཏོན་གནང་། དེར་བརྟེན། གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དེ་ས་ཁམས་ཆབ་སྲིད་ཀྱི་ཐད་ནས་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གིས་རྒྱ་གར་ལ་བཀག་འགོག་དང་ཚོད་འཛིན་བྱེད་པའི་སྲིད་ཇུས་ཀྱི་ཐོག་ཀྱང་ནན་བཤད་གནང་།

ཁོང་གིས་རྒྱ་ནག་ཨེ་ཤེ་ཡའི་ནང་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་འདོད་ཡོད་པས། རང་ཉིད་ཀྱི་ཡར་རྒྱས་ཀྱི་བགྲོད་ལམ་ལ་འགྲན་སློང་བྱེད་ཐུབ་པའི་རྒྱལ་ཁབ་གཞན་ཞིག་འཕེལ་རྒྱས་འགྲོ་བར་མཐོང་འདོད་མེད་པའི་དགོངས་ཚུལ་བཏོན་གནང་།

དེའི་དཔེ་མཚོན་དུ། ཁོང་གིས་རྒྱ་ནག་གིས་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་(UN Security Council) ཀྱི་ཚོགས་མིར་འགྱུར་བར་བཀག་འགོག་བྱེད་ཐབས་བྱེད་བཞིན་པ་དང་། རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་མ་རྩ་འཇོག་པ་དེས་ཀྱང་རྒྱ་གར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་པ་གསུངས། དེ་བཞིན་རྒྱ་ནག་དང་པ་ཀི་སི་ཐན་དབར་གྱི་འབྲེལ་བ་ཉེ་པོ་དེ་ཡང་རྒྱ་གར་གྱི་མདུན་ལམ་ལ་འཕྲད་པའི་བཀག་རྡོ་གཞན་ཞིག་ཡིན་པ་གསུངས།

བགྲོ་གླེང་སྟངས་འཛིན་པས་གྲོས་བསྡུར་གཙོ་སྐྱོང་གནང་རྗེས། ཚོགས་ཞུགས་པ་རྣམས་ལ་དྲི་བ་འདྲི་བའི་གོ་སྐབས་ཕུལ་ཡོད། མཁས་དབང་བློ་བཟང་སེང་གེ་མཆོག་གིས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་དྲི་བ་སྣ་ཚོགས་བཏོན་མཁན་ཚོགས་ཞུགས་པ་མི་གྲངས་༡༠ ལྷག་དང་ལྷན་དུ་དགོངས་ཚུལ་བརྗེ་རེས་དང་དྲི་ལན་གནང་།

མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཚོགས་ཞུགས་པ་རྣམས་ལ་གོང་ས་སྐྱབས་མགོན་ཆེན་པོ་ཏཱ་ལའི་བླ་མ་མཆོག་གི་ཕྱག་དེབ་གསར་ཤོས་“Voice for the Voiceless” ཞེས་པ་དེ་ངེས་པར་དུ་ཀློག་དགོས་པའི་སྐུལ་མ་ཤུགས་ཆེན་གནང་། དེ་བཞིན་ཕྱག་དེབ་དེའི་དཔེ་དེབ་གཅིག་བགྲོ་གླེང་སྟངས་འཛིན་པ་ཀལ་པིཏ་ཨེ་མན་ཀི་ཀར་མཆོག་ལ་དྲན་རྟེན་དུ་ཕུལ་གནང་།