ཟླ་༩ ཚེས་༡༠ ཉིན། བྷེང་ལོར། ཁི་རིསིཊ་གཙུག་ལག་སློབ་ཆེན་(Christ University) གྱི་རྒྱལ་སྤྱིའི་འབྲེལ་བ་དང་། ཆབ་སྲིད་རིག་པ། ལོ་རྒྱུས་བཅས་ཀྱི་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་“རྒྱ་གར་གྱི་འཛམ་གླིང་འབྲེལ་ལམ། དུས་རིམ་གཉིས་པ། རྒྱ་གར་དང་ཨེ་ཤེ་ཡ་ཤར་ལྷོའི་འབྲེལ་བ་དང་ས་ཁུལ་གྱི་མ་འོངས་པའི་གོ་རིམ་” (India’s Global Engagements: Phase 2 – India-Southeast Asia and the Future of Regional Order) ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོ་བོའི་གསུང་བཤད་གནང་།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་འགོ་འཛུགས་སྐབས། རྒྱལ་སྤྱིའི་ཤུགས་རྐྱེན་ཆེད་རྒྱ་གར་དང་རྒྱ་ནག་དབར་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པ་དང་། ཨེ་ཤེ་ཡ་ལྷོ་མ་དང་ཤར་ལྷོའི་ས་ཁུལ་ནང་སྟོབས་ཤུགས་ཀྱི་དོ་མཉམ་འགྱུར་བཞིན་པ། དེ་བཞིན་ས་ཁུལ་ནང་ཁུལ་གྱི་འབྲེལ་མཐུད་དང་། ཚོང་འབྲེལ། ཤེས་ཡོན། རིག་གཞུང་གི་ཕྱི་འབྲེལ་བཅས་ཀྱིས་ཨེ་ཤེ་ཡའི་ནང་རྒྱ་གར་གྱི་གནས་བབ་གཏན་འབེབས་བྱེད་པར་འཁུར་བཞིན་པའི་ནུས་པ་ཇེ་ཆེར་འགྲོ་བཞིན་པར་དཔྱད་ཞིབ་གནང་། ཁོང་གིས་རྒྱ་གར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་འདུན་པ་འགྲུབ་མིན་དེ། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བ་སྔར་ལས་སྲ་བརྟན་གཏོང་ཐུབ་མིན་དང་། ས་ཁུལ་ཡོངས་སུ་དཔལ་འབྱོར་དང་མི་དང་མིའི་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐུབ་མིན་ལ་རག་ལས་ཀྱི་ཡོད་པའི་དགོངས་ཚུལ་བཏོན་གནང་།
ཨེ་ཤེ་ཡ་ལྷོ་མའི་ནང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་འགྲོ་བཞིན་པའི་སྐོར་གསུངས་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྔར་ནས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དེ་རྒྱ་གར་གྱི་སྲོལ་རྒྱུན་གྱི་ཤུགས་རྐྱེན་ཁྱབ་ཁོངས་སུ་བརྩིས་ཡོད་ཀྱང་། རྒྱ་ནག་གིས་ཚོང་འབྲེལ་དང་། གཞི་རྩའི་མཁོ་ཆས་འཛུགས་སྐྲུན། ཤེས་ཡོན། ཕྱི་འབྲེལ་བཅས་བརྒྱུད་ས་ཁུལ་དེའི་ནང་ཤུགས་རྐྱེན་ཆེན་པོ་སྤེལ་ཐུབ་ཡོད་པ་གསུངས།
ཁོང་གིས་འགྱུར་བ་འདིའི་དཔེ་མཚོན་ཞིག་ཏུ། ཨེ་ཤེ་ཡ་ལྷོ་མའི་སློབ་མ་ཚོས་མཐོ་རིམ་ཤེས་ཡོན་སློབ་གཉེར་ཆེད་འགྲོ་ཡུལ་འདེམས་སྟངས་ལ་འགྱུར་བ་བྱུང་བ་དྲངས་གནང་། ཁོང་གིས་༢༠༡༦ ནས་༢༠༡༩ བར་ཨེ་ཤེ་ཡ་ལྷོ་མ་ནས་རྒྱ་གར་དུ་སློབ་གཉེར་ཆེད་ཡོང་མཁན་གྱི་བརྒྱ་ཆ་མར་ཆག་པ་དང་། རྒྱ་ནག་ཏུ་སློབ་གཉེར་ཆེད་འགྲོ་མཁན་གྱི་གྲངས་འབོར་མངོན་གསལ་དོད་པོས་འཕར་ཡོད་པའི་གསུངས། ཁོང་གིས་བྷང་ལ་དེ་ཤི་ནས་རྒྱ་གར་ལས་རྒྱ་ནག་ཏུ་སློབ་གཉེར་ཆེད་འགྲོ་མཁན་སློབ་མ་མང་བ་ཡོད་པའང་གསུངས།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་ས་ཁུལ་ནང་ཁུལ་གྱི་དཔལ་འབྱོར་མཉམ་སྒྲིལ་དང་འབྲེལ་མཐུད་ཀྱི་གལ་གནད་ནན་བཤད་གནང་སྟེ། རྒྱ་གར་གྱིས་རང་གི་ནུས་པ་ཆ་ཚང་བེད་སྤྱོད་ཐུབ་པར་ཚོང་འབྲེལ་སྔར་ལས་སྲ་བརྟན་དང་དཔལ་འབྱོར་མཉམ་སྒྲིལ་གཏིང་ཟབ་ཏུ་གཏོང་དགོས་པའི་དགོངས་ཚུལ་བཏོན།
ཨེ་ཤེ་ཡ་ཤར་ལྷོའི་སྐོར་གསུངས་སྐབས། རྒྱ་གར་གྱི་“ཤར་ཕྱོགས་ལ་ལྟ་བའི་སྲིད་ཇུས་” (Look East Policy) ནས་“ཤར་ཕྱོགས་སུ་བྱ་སྤྱོད་སྤེལ་བའི་སྲིད་ཇུས་” (Act East Policy) སུ་འགྱུར་བ་དེ་ནི། རྒྱ་ནག་གིས་སྔ་ས་ནས་དཔལ་འབྱོར་དང་གཞི་རྩའི་མཁོ་ཆས་འཛུགས་སྐྲུན་གྱི་ཤུགས་རྐྱེན་ཆེན་པོ་བཙུགས་ཟིན་པའི་ས་ཁུལ་དེ་དང་འབྲེལ་བ་ཟབ་ཏུ་གཏོང་ཆེད་ལྡི་ལི་གསར་པས་འབད་བརྩོན་བྱེད་བཞིན་པའི་མཚོན་རྟགས་ཤིག་ཡིན་པ་གསུངས།
ཁོང་གིས་རྒྱ་ནག་ནི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་ཚོང་འབྲེལ་དང་མ་རྩ་འཇོག་མཁན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གི་“དར་གོས་ཚོང་ལམ་གསར་པའི་ལས་འཆར་” (Belt and Road Initiative) འོག་རྒྱ་ནག་གི་རོགས་སྐྱོར་ཐོག་ལྕགས་ལམ་དང་། གཞུང་ལམ། འགྲིམ་འགྲུལ་གྱི་འབྲེལ་མཐུད་གཞན་དག་བཅས་རྒྱ་སྐྱེད་བཏང་ཡོད་པ་གསུངས། དེ་དང་བསྡུར་ན། རྒྱ་གར་ལ་ད་དུང་ཨེ་ཤེ་ཡ་ལྷོ་མ་དང་ཤར་ལྷོ་སྦྲེལ་བའི་གཞི་རྩའི་མཁོ་ཆས་འཛུགས་སྐྲུན་ཐད་ཞན་ཆ་ཆེན་པོ་ཡོད་པ་གསུངས།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཁབ་མང་པོའི་ས་མཚམས་བརྒལ་བའི་གཙང་པོ་དང་། ཁོར་ཡུག་གི་གོད་ཆག འགན་འཁྲི་བཅས་ཀྱི་གནད་དོན་ཐོག་ཀྱང་བློ་འཚབ་ཡོད་པ་གསུངས། ལྷག་པར་དུ་བོད་ནས་འབབ་པའི་གཙང་པོ་ཁག་གི་ཆུ་རྒྱུན་འོག་ཕྱོགས་སུ་གནས་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡོད་པའི་གནད་དོན་དེ་དག་གལ་ཆེན་པོ་ཡིན་པ་གསུངས།
ཁོང་གིས་བལ་ཡུལ་དང་རྒྱ་གར་ལྟ་བུའི་རྒྱལ་ཁབ་ནང་གི་ཉེན་ཁ་ཆེ་བའི་སྤྱི་ཚོགས་ཁག་སྲུང་སྐྱོབ་བྱེད་པར། རྒྱལ་ཁབ་དབར་མཉམ་ལས་སྔར་ལས་ཆེ་བ་དང་། ཆུ་དཔྱད་ཀྱི་གནས་ཚུལ་དུས་ཐོག་ཏུ་མཉམ་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ནན་བཤད་གནང་།
ཁོང་གིས་རྒྱ་ནག་ཕྱོགས་ནས་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་དང་མཉམ་སྤྱོད་བྱས་ཡོད་མེད་ཐད་དྲི་བ་བཏོན་གནང་། ཁོང་གིས་རྒྱ་ནག་ལ་བོད་ནང་འཁོར་སྐར་དང་ལྟ་ཞིབ་ལག་རྩལ་གྱི་ནུས་པ་ཡོད་པས། བལ་ཡུལ་ལ་སྔོན་བརྡ་དུས་ཐོག་ཏུ་སྤྲོད་ཐུབ་དགོས་པ་གསུངས། གནས་ཚུལ་དེ་རིགས་དུས་ཐོག་ཏུ་སྤྲད་ཡོད་ཚེ། མི་ཚེ་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པ་ཉུང་དུ་གཏོང་ཐུབ་ཡོད་སྲིད་པའི་དགོངས་ཚུལ་བཏོན།
ཁོང་གིས་ཆུ་ལོག་གིས་མི་ཚེ་མང་པོ་ཤོར་བ་དང་གཏོར་སྐྱོན་རྒྱ་ཆེན་པོ་བཟོས་པའི་འབྲས་བུ་དེ། མ་འོངས་པའི་མི་རབས་མང་པོའི་ཐོག་ཡུན་རིང་གི་ཤུགས་རྐྱེན་ཐེབས་ངེས་པ་དང་། ལྷག་པར་དུ་ཁྱིམ་གཞིས་དང་འཚོ་རྟེན་ཤོར་བའི་ཁྱིམ་ཚང་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་པ་གསུངས།
གྲོས་བསྡུར་སྐབས་རྒྱ་ནག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འཛམ་གླིང་གི་བཅོས་སྐྱོང་ལམ་ལུགས་ནང་འཁུར་བཞིན་པའི་འགན་ནུས་སྐོར་ཡང་གླེང་སློང་བྱུང་ཡོད། དེའི་ཁོངས་སུ་ཏོག་དབྱིབས་ནད་ཡམས་(COVID-19) རྗེས་ཀྱི་གསལ་ཆ་དང་འགན་འཁྲིའི་གནད་དོན་ཡང་ཚུད་ཡོད།
རྒྱ་གར་གྱི་ཕྱི་འབྲེལ་སྲིད་ཇུས་ནང་ནང་པའི་ཆོས་ལུགས་བརྒྱུད་པའི་ཕྱི་འབྲེལ་གྱི་ནུས་པ་གལ་ཆེན་པོ་ཡོད་པའི་སྐོར་གསུངས་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་དང་ཨེ་ཤེ་ཡའི་ནང་པའི་རྒྱལ་ཁབ་ཁག་དབར་གནའ་བོའི་ལོ་རྒྱུས་དང་ཤེས་རིག་གི་འབྲེལ་བ་ཟབ་མོ་ཡོད་པ་དེ། ལྡི་ལི་གསར་པས་སྔར་ལས་ལྷག་པར་བེད་སྤྱོད་བྱེད་ཐུབ་པའི་ཕྱི་འབྲེལ་ཐོན་ཁུངས་གལ་ཆེན་པོ་ཞིག་ཡིན་པ་གསུངས།
ཁོང་གིས་ཨ་ཤོ་ཀ་གོང་མའི་ལོ་རྒྱུས་དཔེར་དྲངས་ཏེ། ལྷག་པར་དུ་ཀ་ལིང་གའི་དམག་འཁྲུག་རྗེས་ཨ་ཤོ་ཀ་གོང་མས་འཚེ་བ་མེད་པའི་ལྟ་བ་དང་ལེན་གནང་བ་དེ། རྒྱ་གར་གྱིས་དམག་དོན་གྱི་སྟོབས་ཤུགས་ཁོ་ནར་མ་བརྟེན་པར། རིག་གཞུང་དང་། བསམ་བློ། ཕྱི་འབྲེལ་བཅས་བརྒྱུད་ཤུགས་རྐྱེན་སྤེལ་བའི་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་ཡིན་པ་གསུངས།
ཁོང་གིས་ཤྲཱི་ལངྐ་དང་། ཐའི་ལན་ཌི། ཀམ་བོ་ཌི་ཡ། ལཱའོསི་བཅས་ཀྱི་རྒྱལ་ཁབ་ཁག་ལ་རྒྱ་གར་དང་ནང་ཆོས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་དང་། རྒྱ་གར་ནི་ནང་ཆོས་ཀྱི་འབྱུང་གནས་ཡིན་པས། ཨེ་ཤེ་ཡའི་ནང་པའི་སྤྱི་ཚོགས་ཁག་གི་ཆེད་རིག་གཞུང་གི་གཞི་རྟེན་གལ་ཆེན་པོ་ཞིག་ཡིན་པ་གསུངས།
དེར་བརྟེན། ཁོང་གིས་རྒྱ་གར་གྱིས་ནང་ཆོས་བརྒྱུད་པའི་ཕྱི་འབྲེལ་ལས་དོན་ལ་མ་རྩ་སྔར་ལས་མང་བ་འཇོག་དགོས་པ་དང་། དེའི་ཁོངས་སུ་རྒྱལ་སྤྱིའི་ཚོགས་ཆེན་དང་། རིག་གཞུང་བརྗེ་རེས། ནང་པའི་འགོ་ཁྲིད་དང་ཚོགས་སྡེ་ཁག་དང་འབྲེལ་ལམ་སྔར་ལས་སྲ་བརྟན་གཏོང་རྒྱུ་བཅས་ཚུད་དགོས་པའི་སྐུལ་མ་གནང་། རྒྱ་གར་གྱིས་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་ཚོགས་པ་(International Buddhist Confederation) ལྟ་བུའི་ཚོགས་སྡེ་བརྒྱུད་སྤེལ་བའི་འབད་བརྩོན་དེས་འབྲེལ་བ་འདི་དག་སྔར་ལས་སྲ་བརྟན་གཏོང་ཐུབ་པ་གསུངས།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཐབས་ལམ་འདི་དང་རྒྱ་ནག་གིས་ཆོས་ལུགས་ཚོགས་སྡེ་ཁག་ལ་གཞུང་གིས་དོ་དམ་བྱེད་སྟངས་དང་། ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་ཇུས་(Sinicisation) བཅས་དབར་བསྡུར་བ་གནང་། ཁོང་གིས་གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་ཐོག་པེ་ཅིང་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་གནང་སྟེ། ལྷ་མེད་སྨྲ་བའི་རྒྱལ་ཁབ་ཅིག་ཡིན་པའི་རྒྱ་ནག་གིས་ནང་པའི་ཆོས་སྡེ་ཁག་གཏོར་བཤིག་བཏང་ཡོད་པའི་དགོངས་ཚུལ་བཏོན་པ་དང་། དེ་ལྟ་བུའི་གནས་བབ་འོག་ཆོས་ལུགས་ཀྱི་དད་མོས་དང་རྩ་ཆེའི་སྲོལ་རྒྱུན་ཟབ་མོ་ཞིག་ལ་ཐེ་ཇུས་བྱེད་པའི་སྤོབས་པ་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་དྲི་བ་བཏོན་གནང་།
རྒྱ་ནག་གི་མི་འབོར་དང་དཔལ་འབྱོར་གྱི་དཀའ་ངལ་ཁག་ལ་དཔྱད་ཞིབ་གནང་སྐབས། མི་འབོར་ཉུང་དུ་འགྲོ་བ་དང་། ས་ཁང་ཁྲོམ་རའི་ཉམས་རྒུད། གཞོན་ནུའི་ལས་མེད་གནས་བབ་བཅས་གླེང་གནང་། ཁོང་གིས་རྒྱ་གར་ལ་དེ་དང་བསྡུར་ན་གཞོན་ནུའི་མི་འབོར་མང་བ་དང་། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཡོད་པ་དེས་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་གོ་སྐབས་ཆེན་པོ་སྤྲོད་ཐུབ་པའི་དགོངས་ཚུལ་བཏོན་གནང་།
དེ་དང་ཆབས་ཅིག ཁོང་གིས་རྒྱ་གར་གྱི་ཡར་རྒྱས་དེ་མི་འབོར་དང་དཔལ་འབྱོར་གྱི་ལེགས་ཆ་ཁོ་ནར་རག་ལས་ཀྱི་མེད་པ་ནན་བཤད་གནང་། རྒྱ་གར་གྱི་ཡུན་རིང་གི་འཐབ་ཇུས་ནང་གཞི་རྩའི་མཁོ་ཆས་འཛུགས་སྐྲུན་དང་། ས་ཁུལ་ནང་ཁུལ་གྱི་ཚོང་འབྲེལ། ཚན་རྩལ་གྱི་ནུས་པ། ཤེས་ཡོན། རྒྱུན་མཐུད་ཀྱི་ཕྱི་འབྲེལ་ལས་དོན་བཅས་གལ་ཆེའི་ཆ་ཤས་ཡིན་པ་གསུངས།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་མཐར་རྒྱལ་ཁབ་ཀྱི་ཤུགས་རྐྱེན་སྤེལ་ཐབས་ཀྱི་ལྟ་ཚུལ་མི་འདྲ་བ་གཉིས་བསྡུར་བ་གནང་། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འོག་གི་“རྒྱ་ནག་གི་འཛམ་གླིང་གོ་རིམ་”ཞེས་ཁོང་གིས་འབོད་པ་དེ་དང་། རྒྱ་གར་གྱི་ཆེད་ཁོང་གིས་བཏོན་པའི་“ཨ་ཤོ་ཀའི་དཔེ་སྲོལ་” (Ashoka Model) གཉིས་བསྡུར་གནང་།
ཁོང་གིས་ཨ་ཤོ་ཀའི་དཔེ་སྲོལ་དེའི་ནང་དཔལ་འབྱོར་དང་གཞི་རྩའི་མཁོ་ཆས་འཛུགས་སྐྲུན་གྱི་ཡར་རྒྱས་དང་མཉམ་དུ། ཆོས་ལུགས་ལ་བཟོད་སྒོམ་དང་། རིག་གཞུང་གི་འབྲེལ་ལམ། བསམ་ཚུལ་བརྗོད་པའི་རང་དབང་བཅས་ཟུང་འབྲེལ་བྱེད་དགོས་པའི་དགོངས་ཚུལ་བཏོན་གནང་།
རྒྱ་ནག་ནང་གི་ཆབ་སྲིད་རང་དབང་གི་སྐོར་གསུངས་སྐབས། ཁོང་གིས་“ལྷ་ལ་སྐྱོན་བརྗོད་བྱེད་ཆོག་ཀྱང་། ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱེད་མི་ཆོག་”ཅེས་གསུངས་ཏེ། རྒྱ་ནག་གི་ལམ་ལུགས་འོག་བསམ་ཚུལ་བརྗོད་པའི་རང་དབང་ལ་ཚོད་འཛིན་ཡོད་པའི་ཁོང་གི་དགོངས་ཚུལ་མཚོན་པར་གནང་། ཁོང་གིས་རྒྱ་གར་གྱིས་དེའི་ཚབ་ཏུ་ཨ་ཤོ་ཀ་དང་འབྲེལ་བའི་རིན་ཐང་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་གོ་རིམ་ཞིག་སྤེལ་དགོས་པ་དང་། མཐར་དཔེ་སྲོལ་དེས་རྒྱ་ནག་གི་འཛམ་གླིང་གོ་རིམ་ལས་རྒྱལ་ཁ་ཐོབ་ངེས་པའི་དགོངས་ཚུལ་བཏོན་གནང་།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལྡི་ལི་གསར་པར་འཕྲད་བཞིན་པའི་འགྲན་སློང་ཆེན་པོ་ཞིག་ཀྱང་ནན་བཤད་གནང་། དེ་ཡང་རྒྱ་གར་དང་པེ་ཅིང་དབར་གྱི་འགྲན་རྩོད་དེ་ས་མཚམས་དང་ཚོང་འབྲེལ་ཙམ་ལས་བརྒལ་ཏེ། ཤེས་ཡོན་དང་། གཞི་རྩའི་མཁོ་ཆས་འཛུགས་སྐྲུན། རིག་གཞུང་། ཕྱི་འབྲེལ་བཅས་ཀྱི་ཁྱབ་ཁོངས་སུའང་རྒྱ་སྐྱེད་འགྲོ་བཞིན་པ་དེ་ཡིན། རྒྱ་གར་གྱིས་རང་ཉིད་ཀྱི་ལོ་རྒྱུས་དང་གནའ་བོའི་ཤེས་རིག་གི་འབྲེལ་བ་དེ་དག་དེང་སྐབས་ཀྱི་ས་ཁུལ་ནང་ཁུལ་གྱི་མཉམ་ལས་འབྲེལ་བར་སྒྱུར་ཐུབ་མིན་དེ། མ་འོངས་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་གསུངས།
རྒྱལ་སྤྱིའི་ཚོགས་ཆེན་དེར་འཛམ་གླིང་གི་ས་ཁུལ་ཁག་ནས་སློབ་མ་དང་མཁས་པ་བསྡོམས་པས་མི་གྲངས་༡༥༠ ཙམ་ཞུགས་ཡོད། ཚོགས་ཞུགས་པ་རྣམས་ཤེས་ཡོན་དང་ས་ཁུལ་གྱི་རྒྱབ་ལྗོངས་མི་འདྲ་བ་ནས་ཕེབས་པ་ཡིན་ཞིང་། ས་ཁམས་ཆབ་སྲིད་དང་། ས་ཁུལ་ནང་ཁུལ་གྱི་མཉམ་ལས། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་བཅས་ཀྱི་ཐོག་གྲོས་བསྡུར་གནང་ཡོད།

