རྒྱ་གར་གྱིས་ལོ་ངོ་༥༠༠༠ ཡི་ལོ་རྒྱུས་ཀྱི་གཟི་བརྗིད་སླར་གསོ་བྱེད་དགོས།

༢༠༢༦ཟླ་༩ཚེས་༡༨་ཉིན། ༡༠༨ཞི་བདེ་ལྟེ་གནས་དང་སོ་ནི་པཏ་གྲོང་ཁྱེར་དུ་ཡོད་པའི་OP ཇིན་ཌལ་འཛམ་གླིང་གཙུག་ལག་སློབ་ཆེན་གྱི་ཇིན་ཌལ་སྲིད་ཇུས་ཚོགས་འདུའི་(Jindal Policy Conclave) ལོ་རེའི་ཚོགས་ཆེན་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གཙོ་བོའི་གསུང་བཤད་པར་གདན་ཞུ་གནང་ཡོད། གསུང་བཤད་མ་གནང་གོང་། ཁོང་ལ་OP ཇིན་ཌལ་འཛམ་གླིང་གཙུག་ལག་སློབ་ཆེན་གྱི་གསར་འཛུགས་རིགས་བདག་དགེ་རྒན་ཆེན་མོ་རཱ་ཇི་ཀུ་མཱར་མཆོག་དང་མཉམ་དུ་ཞོགས་ཟས་མཆོད་རྒྱུའི་གདན་ཞུ་ཕུལ་ཡོད། དེ་རྗེས་ཁོང་ལ་གསར་དུ་བསྐྲུན་པའི་“ཁྲིམས་ཁང་མཐོ་ཤོས་”ཀྱི་འགྲེམས་སྟོན་ཁང་དང་། ཁྲིམས་རྩོད་ལག་ལེན་སྦྱོང་བརྡར་ཁང་(Moot Court) བཅས་ལ་གཟིགས་སྐོར་ཞུས་ཡོད།

ཇིན་ཌལ་སྲིད་ཇུས་ཚོགས་འདུར་སློབ་མ་དང་དགེ་རྒན་བསྡོམས་པས་མི་གྲངས་༢༠༠ ལྷག་ཞུགས་ཡོད། ཇིན་ཌལ་གཞུང་སྐྱོང་དང་སྤྱི་པའི་སྲིད་ཇུས་སློབ་གླིང་གི་སློབ་སྤྱི་དགེ་རྒན་ཆེན་མོ་སུ་དར་ཤན་མཆོག་གིས་མཁས་དབང་བློ་བཟང་སེང་གེ་མཆོག་ངོ་སྤྲོད་ཞུ་སྐབས། བོད་ཀྱི་བཙན་བྱོལ་མང་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་ཏུ་ལག་བསྟར་ཐུབ་པའི་ཆེད། མཁས་དབང་བློ་བཟང་སེང་གེ་མཆོག་གིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞག་གནང་བའི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་འཁུར་དགོས་བྱུང་ཡོད་པ་གསུངས།

 

Screenshot

མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུའི་བརྗོད་གཞི་“རྒྱལ་སྤྱིའི་འགྲེམས་སྟེགས་ཐོག་གི་གཞོན་ནུའི་རྒྱ་གར་”ཞེས་པའི་ཐོག་གསུང་བཤད་གནང་། ཁོང་གིས་ཚོགས་ཞུགས་པ་ཚོར་རྒྱ་གར་ནི་རྒྱལ་ཁབ་གཞོན་པ་ཞིག་ཡིན་ཞེས་ཅིའི་ཕྱིར་བརྗོད་ཀྱི་ཡོད་དམ་ཞེས་དྲི་བ་བཏོན་གནང་། རྒྱ་གར་ནི་གནའ་བོའི་ཤེས་རིག་གི་རིན་ཐང་དང་བསམ་བློའི་རྨང་གཞི་ལ་བརྟེན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལོ་ངོ་༥༠༠༠ ཙམ་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས།

ཁོང་གིས་རྒྱ་གར་ནི་དུས་སྐབས་ཤིག་ལ་འཛམ་གླིང་གི་རྒྱལ་ཁབ་ཕྱུག་ཤོས་ཤིག་ཡིན་པས། རྒྱ་གར་མི་མང་གིས་སྔོན་ཆད་ཀྱི་གཟི་བརྗིད་དང་གནས་བབ་མཐོ་ཤོས་དེ་སླར་གསོ་བྱེད་དགོས་པ་དང་། རང་གི་ལོ་རྒྱུས་ལ་སྤོབས་པ་སྐྱེད་དགོས་པ་ནན་བཤད་གནང་།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་དཔེར་ན། ཨ་ཤོ་ཀ་གོང་མའི་དུས་སྐབས་སུ་རྒྱ་གར་གྱི་ཤེས་རིག་དང་ཤུགས་རྐྱེན་འཛམ་གླིང་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་བའི་སྐོར་གསུངས། ལྷག་པར་དུ་ཨ་ཤོ་ཀ་གོང་མས་ནང་པའི་ཆོས་འཛམ་གླིང་གི་ས་ཁུལ་མང་པོར་དར་སྤེལ་གནང་བ་དང་། དེང་སྐབས་ཀྱང་ནང་པའི་རྒྱལ་ཁབ་མང་པོར་རྒྱ་གར་གྱི་ཤེས་རིག་དང་ནང་ཆོས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་གསུངས།

དེར་བརྟེན། རྒྱ་གར་གྱིས་རང་གི་གནའ་བོའི་ཤེས་རིག་དང་ནང་ཆོས་ཀྱི་ཤུགས་རྐྱེན་དེ་དག་ལ་གཞི་བཅོལ་ཏེ། རྒྱལ་སྤྱིའི་འབྲེལ་ལམ་ནང་རིག་གཞུང་དང་རིན་ཐང་བརྒྱུད་ཤུགས་རྐྱེན་སྤེལ་བའི་“འཇམ་པོའི་དབང་ཤུགས་” (Soft Power) ཀྱི་ཕྱི་འབྲེལ་ཐབས་ཇུས་སྔར་ལས་ཤུགས་ཆེར་གཏོང་དགོས་པ་གསུངས།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་ད་དུང་། གལ་ཏེ་རྒྱ་གར་གྱིས་དེའི་ཆེད་དུ་དགོས་ངེས་ཀྱི་གོམ་པ་དང་བྱ་ཐབས་ཡོངས་རྫོགས་སྤྱད་ཚེ། རྒྱ་ནག་གི་ཤེས་རིག་དང་བསམ་བློའི་ཐོག་ཀྱང་འགྱུར་བ་གཏོང་ཐུབ་པའི་ནུས་པ་རྒྱ་གར་ལ་ཡོད་པའི་དགོངས་ཚུལ་བཏོན་གནང་།

ཇིན་ཌལ་སྲིད་ཇུས་ཚོགས་འདུའི་འགོ་འཛུགས་ལས་རིམ་དེ་མཁས་དབང་བློ་བཟང་སེང་གེ་མཆོག་དང་ཚོགས་ཞུགས་པ་ཚོའི་བར་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་རེས་གནང་སྟེ་མཇུག་བསྡུས་ཡོད།

Screenshot