༢༠༢༦ཟླ་༤ཚེས་༢༣ཉིན་༡༠༨ཞི་བདེ་ལྟེ་གནས་དང་ཧི་མ་ཅལ་མཐོ་སློབ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཚན་རིག་སྡེ་གཉིས་མཉམ་འབྲེལ་གྱིས་བོད་དང་རྒྱ་གར་བར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད། ལས་རིམ་འདིའི་ཐོག་༡༠༨ཞི་བདེ་ལྟེ་གནས་ཀྱི་ཉམས་ཞིབ་པ་རྒན་པ་ཡེ་ཤེས་ཟླ་བ་ལགས་ཕེབས་ཡོད་པ་དང་།གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་མ་སོགས་ཉམས་བཞུགས་བྱས་ཡོད།
ཡེ་ཤེས་ཟླ་བ་ལགས་ཀྱིས་བོད་དང་རྒྱ་གར་གྱི་འབྲེལ་བ་ནི་གནའ་རབས་ནས་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་དུས་རབས་བདུན་པ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒང་པོའི་སྐབས་སུ། བོད་དང་རྒྱ་གར་གཉིས་བར་འབྲེལ་བ་ཆེན་པོ་བྱུང་ཡོད་པ་དང་། བོད་ཀྱི་ཆོས་དང་ཡི་གེ་བཅས་ཚང་མ་རྒྱ་གར་གྱི་ནང་ཆོས་དང་སྐད་རིག་ལས་དཔེ་བཤུས་ནས་ཡོང་པ་ཞིག་ཡིན་པ་དང་། རྒྱ་གར་གྱི་མཁས་པ་མང་པོ་བོད་ནང་ཕེབས་ནས་ཆོས་འབྲེལ་བཙུགས་ཡོད་སྐོར་གསུངས། བོད་ཀྱིས་ད་ལྟའི་བར་རྒྱ་གར་གནའ་རབས་ནཱ་ལེན་ཊའི་རིག་གནས་དང་ལྟ་གྲུབ་སོགས་རྒྱུན་འཛིན་བྱེད་ཡོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་ནཱ་ལེན་ཊའི་མཁས་པ་རྣམས་པའི་བསྟན་བཅོས་སོགས་ཉར་ཚགས་རྒྱུན་བརྟན་བྱུང་པར་ཞལ་རྗེས་ཆེན་པོ་བཞགས་ཡོད་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་ཡོད།
དེ་ནས་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་ཕྱི་ལོ་༡༩༥༦ལོར་རྒྱ་གར་ཏུ་སངས་རྒྱས་འཁྲུངས་པའི་ལོ་ངོ་༢༥༠༠འཁོར་བའི་དུས་དྲན་ལ་གདན་ཞུས་ལྟར་ཕེབས་ཡོད་པ་དང་། དེ་ནས་ཕྱི་ལོ་༡༩༥༩ལོར་རྒྱ་དམག་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་རྗེས་༧གོང་ས་མཆོག་དང་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་ཕེབས་དགོས་བྱུང་པ་དང་། རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་ཚོར་དགའ་བསུ་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་མ་ཚད། བོད་མི་ཚོར་སྡོད་སའི་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་ཁག་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་པས་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས།
དེ་ནས་ཁོང་གིས་མུ་མཐུད། དེང་སང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱེད་བཞིན་པ་དང་། ཁོང་ཚོས་༧གོང་ས་མཆོག་གི་ཡང་སྲིད་འཚོལ་བའི་ལས་དོན་ལ་གྲ་སྒྲིག་ཨང་གསར་ཡོད་སྐོེར་གསུངས་པ་དང་། དེ་དང་མཉམ་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་པ་ཙམ་མིན་པ་འཛམ་གླིང་གི་ནང་པ་ཚང་མ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་ལ་དྭགས་དང་ཨ་རི་ན་ཅལ་མངའ་སྡེ་མི་དམངས། དེ་བཞིན་ཧི་མ་ལ་ཡ་རི་བརྒྱུད་ཀྱི་ནང་པའི་ནང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ཁོང་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དེའང་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པས། ཉེ་ཆར་༢༠༢༥ཟླ་༧ཚེས་༢ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་ཡོངས་ཁྱབ་གསལ་བསྒྲགས་གནང་པ་ལྟར། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནས་དོན་ནི་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གིས་འགན་འཁུར་དགོས་ཀྱི་ཡོད་པས། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་ནན་བརྗོད་གནང་ཡོད། རྒྱ་ནག་གཞུང་ནི་ཆོས་མེད་སྨྲ་བ་ཞིག་ཡིན་པ་དང་། དེ་སྔ་རྒྱ་ནག་གཞུང་གིས་བླ་མའི་ཡང་སྲིད་ཀྱི་སྒྲིག་གཞི་བཟོས་ཏེ་བོད་ཀྱི་ཆོས་ཕྱོགས་ཀྱི་ལས་འགན་ལ་ཐེ་ཇུས་བྱེད་པ་ནི་ངོ་ཚ་བའི་གནས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་།
མཐར་ཚོགས་བཅར་བ་སློབ་མ་རྣམས་ཀྱི་འདྲི་བ་དག་ལ་ལན་འདེབས་བྱས་ནས་ལས་རིམ་རྒྱལ་ཁ་ངང་མཇུག་སྒྲིལ།
