“མཛུབ་མོ་ལྔ་”ཡི་རྗེས་སུའང་རྒྱ་ནག་གི་རྒྱ་སྐྱེད་མུ་མཐུད་ནས་ཡོང་ངེས།

༢༠༢༦ ལོའི་ཟླ་༩ ཚེས་༢༤ ཉིན། ༡༠༨ཞི་བདེ་ལྟེ་གནས། དང་ལྡི་ལི་གཙུག་ལག་སློབ་ཆེན་ཁོངས་ཀྱི་ཤྱམ་ལཱལ་མཐོ་སློབ་(Shyam Lal College) ཀྱི་ཆབ་སྲིད་རིག་པའི་སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་“གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དང་འབྲེལ་བའི་ས་ཁམས་ཆབ་སྲིད་” (The Geopolitics of the Dalai Lama’s Reincarnation) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གོ་སྒྲིག་ཞུས་ཡོད། གསུང་བཤད་དེར་སློབ་མ་དང་དགེ་རྒན་བསྡོམས་པས་མི་གྲངས་༢༠༠ ལྷག་ཞུགས་ཡོད།

གསུང་བཤད་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དེ། རྒྱ་ནག་གི་“མཛུབ་མོ་ལྔའི་ཐབས་ཇུས་”ཞེས་ཡོངས་གྲགས་སུ་གྱུར་པའི་བསམ་ཚུལ་དང་སྦྲེལ་ནས་གསུངས། དཔེ་མཚོན་འདིའི་ནང་། བོད་ནི་ལག་མཐིལ་དང་། ལ་དྭགས། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ། ཨ་རུ་ན་ཅལ་པྲ་དེ་ཤི་བཅས་ནི་མཛུབ་མོ་ལྔར་མཚོན་གྱི་ཡོད།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་ས་ཁམས་ཆབ་སྲིད་ཀྱི་བསམ་ཚུལ་འདི་དོག་ལམ་(Doklam) དང་། གལ་ཝན་(Galwan) སོགས་སུ་བྱུང་བའི་གནས་ཚུལ་དང་། རྒྱ་ནག་གིས་ཨ་རུ་ན་ཅལ་པྲ་དེ་ཤིའི་ཐོག་མུ་མཐུད་ནས་ས་ཁོངས་ཀྱི་བདག་དབང་རྩོད་བཞིན་པ་བཅས་དང་སྦྲེལ་ནས་གསལ་བཤད་གནང་།

དེ་ལས་ཀྱང་གོམ་པ་གཅིག་མདུན་དུ་སྤོས་ཏེ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ད་ཆ་རྒྱ་ནག་གིས་སྔར་གྱི་“མཛུབ་མོ་ལྔ་”ཡི་ས་ཁུལ་ཁག་ལས་བརྒལ་ཏེ། པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན། བྷང་ལ་དེ་ཤི། ཤྲཱི་ལངྐ། མལ་དིབས་བཅས་ཀྱི་རྒྱལ་ཁབ་ཁག་ནང་དཔལ་འབྱོར་དང་། ཆབ་སྲིད། ཡང་ན་འཐབ་ཇུས་ཀྱི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་པའི་དགོངས་ཚུལ་བཏོན་གནང་།

ཁོང་གིས་དེང་སྐབས་ཀྱི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་འདི་ལ་“མཛུབ་མོ་བཅུ་”ཞེས་པའི་དཔེ་མཚོན་གསར་པ་ཞིག་བེད་སྤྱད་ནས་གསལ་བཤད་གནང་། འོན་ཀྱང་། “མཛུབ་མོ་བཅུ་”ཞེས་པ་དེ་ཡང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ས་ཁམས་ཆབ་སྲིད་ཀྱི་གནས་བབ་མཚོན་ཆེད་བེད་སྤྱད་པའི་དཔེ་མཚོན་ཞིག་ཡིན་པ་ལས། རྒྱ་ནག་གཞུང་གིས་དངོས་སུ་ཁྱབ་བསྒྲགས་བྱས་པའི་འཐབ་ཇུས་ཤིག་མིན་པ་ཤེས་དགོས།

འོན་ཀྱང་། དཔེ་མཚོན་འདིའི་རྒྱབ་ཏུ་ཡོད་པའི་དྲི་བ་དེར་བསམ་གཞིག་ནན་ཏན་བྱེད་རིན་ཡོད། དེ་ཡང་། རྒྱ་གར་གྱི་སྐམ་ས་དང་རྒྱ་མཚོའི་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་འགྲོ་བཞིན་པའི་གནས་བབ་འོག རྒྱ་གར་གྱིས་རང་ཉིད་ཀྱི་མཐའ་འཁོར་དུ་འགྱུར་བ་འགྲོ་བཞིན་པའི་འཐབ་ཇུས་ཀྱི་ཁོར་ཡུག་དེར་ཇི་ལྟར་གོ་རྟོགས་དང་དཔྱད་ཞིབ་བྱེད་དགོས་སམ་ཞེས་པ་དེ་ཡིན།

གསུང་བཤད་མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལྡི་ལི་གཙུག་ལག་སློབ་ཆེན་ཁོངས་ཀྱི་ཤྱམ་ལཱལ་མཐོ་སློབ་ཀྱི་ཆབ་སྲིད་རིག་པའི་སྡེ་ཚན་གྱིས་ཆེ་མཐོང་གུས་འདུད་ཀྱི་རུ་སྒྲིག་(Guard of Honour) དང་། སྣེ་ལེན་དང་མགྲོན་བསུ་ཧ་ཅང་ཡག་པོ་ཞུས་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་།