༢༠༢༦ ལོའི་ཟླ་ ༩ ཚེས་ ༩ ཉིན། བྷེང་ག་ལོར་ (Bangalore) དུ་༡༠༨ཞི་བདེ་ལྟེ་གནས། དང་ CMR གཙུག་ལག་སློབ་གྲྭའི་ཁྲིམས་རིག་སློབ་གླིང་ (School of Legal Studies, CMR University) གཉིས་མཉམ་འབྲེལ་ཐོག་ “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད། རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཆོས་དད་རང་དབང་། ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན།” (The Dalai Lama Reincarnation: International Law, Religious Freedom and Geopolitical Implications) ཞེས་པའི་བརྗོད་གཞིའི་ཐོག་ཆེད་དོན་གསུང་བཤད་ཅིག་གོ་སྒྲིག་ཞུས་ཤིང་། གསུང་བཤད་པ་གཙོ་བོར་མཁས་དབང་བློ་བཟང་སེང་གེ་གདན་ཞུ་བྱས།
རྒྱལ་སྤྱིའི་ཆོས་དད་རང་དབང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན།
མཁས་དབང་བློ་བཟང་སེང་གེས་ཐོག་མར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ལྟ་ཕྱོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་དཔྱད་ཞིབ་གནང་སྟེ། ལྷག་པར་དུ་《འཛམ་གླིང་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་》 (Universal Declaration of Human Rights, UDHR) དང་《མི་སེར་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་》 (International Covenant on Civil and Political Rights, ICCPR) གི་འབྲེལ་ཡོད་དོན་ཚན་ཁག་ལུང་དྲངས་གནང་།
ཁོང་གིས། ཆོས་དད་རང་དབང་ཞེས་པ་ནི་མི་སྒེར་རང་ཉིད་ལ་ཆོས་ལུགས་གདམ་གསེས་དང་དད་པ་བྱེད་པའི་ཐོབ་ཐང་ཡོད་པ་ཙམ་མ་ཡིན་པར། ཆོས་ལུགས་ཀྱི་ཚོགས་སྡེ་རང་ཉིད་ལ་རང་གི་ཆོས་ཀྱི་དབུ་ཁྲིད་ངོས་འཛིན་དང་གཏན་འཁེལ་བྱེད་པའི་རང་དབང་ཡང་ཚུད་དགོས་པ་གསུངས།
《འཛམ་གླིང་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་》ཀྱི་དོན་ཚན་ ༡༨ པའི་ནང་། བསམ་བློ་དང་། བློ་གཞུང་གི་རང་དབང་། ཆོས་དད་རང་དབང་བཅས་ལ་ཁག་ཐེག་བྱས་ཡོད་པ་མ་ཟད། རང་གི་ཆོས་ལུགས་སམ་དད་མོས་བརྗེ་བསྒྱུར་བྱེད་པའི་རང་དབང་ཡང་ཚུད་ཡོད།
དེ་བཞིན་《མི་སེར་དང་ཆབ་སྲིད་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་》གི་དོན་ཚན་ ༡༨ པའི་ནང་དུའང་། མི་སྒེར་རང་ཉིད་ཀྱི་འདོད་མོས་ལྟར་ཆོས་ལུགས་སམ་དད་མོས་འཛིན་པ་དང་། མི་སྒེར་རམ་མཉམ་སྡེབ་ཐོག་ཆོས་ལུགས་ཀྱི་ཉམས་ལེན་བྱེད་པའི་རང་དབང་ལ་ཁག་ཐེག་བྱས་ཡོད།
རྒྱལ་སྤྱིའི་མིའི་ཐོབ་ཐང་གི་རྩ་དོན་དེ་དག་གཞིར་བཟུང་། མཁས་དབང་བློ་བཟང་སེང་གེས་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱེད་པའི་ཁྲིམས་མཐུན་དང་འོས་འཚམ་གྱི་གནད་དོན་ལ་དོགས་འདྲི་གནང་སྟེ། ཆོས་ཀྱི་དབུ་ཁྲིད་ངོས་འཛིན་བྱེད་པ་ནི་འབྲེལ་ཡོད་ཆོས་ལུགས་ཀྱི་ཚོགས་སྡེས་རང་གི་སྲོལ་རྒྱུན་ལྟར་གཏན་འཁེལ་བྱེད་དགོས་པ་ལས། རྒྱལ་ཁབ་ཀྱི་དབང་ཤུགས་ཀྱིས་ཐག་གཅོད་བྱེད་མི་རུང་བ་ནན་བཤད་གནང་།
ཁོང་གིས་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ངོས་འཛིན་གྱི་ལས་རིམ་ལ་དོ་དམ་བྱེད་པའི་དབང་ཆ་ཡོད་ཚུལ་བཤད་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་ལྟར་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་པའི་ལམ་ལུགས་གཉིས་བསྡུར་ནས་གསུང་བཤད་གནང་།
མཁས་དབང་བློ་བཟང་སེང་གེས། “བླ་མ་ཞེས་པ་ནི་མི་སྒེར་དེ་རང་ཡིན་པ་ལས། གོ་གནས་དེ་མིན།” ཞེས་གསུངས་ཏེ། ཆོས་དད་དང་བླ་མ་སློབ་མའི་དད་དམ་ལ་གཞི་བཅོལ་བའི་ཆོས་ཕྱོགས་ཀྱི་དབང་ཚད་དང་། གཞུང་གི་དོ་དམ་འོག་གི་ལས་ཁུངས་དང་གོ་གནས་ཀྱི་དབང་ཚད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་གསལ་བཤད་གནང་།
ཁོང་གིས། གཞུང་ཞིག་གིས་མི་ཞིག་ཆོས་ཀྱི་དབུ་ཁྲིད་དུ་བསྐོ་གཞག་བྱས་པ་ཙམ་གྱིས་ཆོས་དད་པ་ཚོས་མི་དེར་དད་གུས་དང་རྗེས་འབྲང་བྱེད་ངེས་པ་མིན་པ་གསུངས།
དེའི་དཔེར་ན། རྒྱ་གར་ནང་གཞུང་གིས་ཧིན་དུའི་ཆོས་ལུགས་ཀྱི་དབུ་ཁྲིད་བསྐོ་གཞག་བྱེད་པའམ། ཨར་ལན་ཌི་ (Ireland) དང་བྷར་ཛིལ་ (Brazil) ནང་གི་ཀ་ཐོ་ལིག་ཆོས་ལུགས་ཀྱི་དབུ་ཁྲིད་བསྐོ་གཞག་ལ་གཞུང་གིས་ཐེ་ཇུས་བྱས་ན། དེ་དག་ལ་ཆོས་དད་པ་ཚོས་ངོས་ལེན་བྱེད་མིན་ནི་མཐར་ཐུག་ཆོས་དད་པ་རང་ཉིད་ལ་རག་ལས་པ་ཡིན་ཚུལ་གསུངས།
ཁོང་གིས། ཆོས་ཀྱི་དབུ་ཁྲིད་ཅིག་གི་དབང་ཚད་དང་ཆོས་ཕྱོགས་ཀྱི་ཁས་ལེན་ནི་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་དད་ལྡན་མང་ཚོགས་ཀྱི་ངོས་ལེན་ལ་གཞི་བཅོལ་དགོས་པ་ལས། གཞུང་གི་བསྐོ་གཞག་ཙམ་ལ་གཞི་བཅོལ་མི་རུང་བ་གསུངས།
མཁས་དབང་བློ་བཟང་སེང་གེས་རྒྱ་ནག་གུང་ཁྲན་ཏང་གིས་གཞུང་ཕྱོགས་ནས་ལྷ་མེད་སྨྲ་བའི་ལྟ་བ་འཛིན་བཞིན་དུ། ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ལམ་ལུགས་ལ་ཐེ་ཇུས་བྱེད་པར་སྐྱོན་བརྗོད་གནང་།
ཁོང་གིས། གནད་དོན་འདི་ཆོས་ལུགས་ཙམ་གྱི་དོན་དག་མིན་པར། གཞུང་ཞིག་གིས་མི་སྒེར་གྱི་བློ་གཞུང་དང་། དད་མོས། ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་ལ་རྒྱལ་ཁབ་ཀྱི་དབང་ཤུགས་བཙན་འགེལ་བྱེད་ཆོག་མིན་གྱི་རྩ་བའི་གནད་དོན་ཞིག་ཡིན་པ་གསུངས།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་ས་ཁམས་ཆབ་སྲིད་ཀྱི་འབྲེལ་བ།
མཁས་དབང་བློ་བཟང་སེང་གེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དེས་རྒྱ་གར་དང་ཧི་མ་ལ་ཡའི་ས་ཁུལ་ཡོངས་ལ་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཇི་འདྲ་ཐེབས་སྲིད་པའི་ཐད་དཔྱད་ཞིབ་གནང་།
ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་དབང་ཚད་ནི་བོད་ཁོ་ནར་ཚད་བཀག་མེད་པར། ལ་དྭགས་ (Ladakh) དང་། བལ་ཡུལ་ (Nepal)། འབྲུག་ཡུལ་ (Bhutan)། འབྲས་ལྗོངས་ (Sikkim)། ཨ་རུ་ན་ཅལ་པྲ་དེ་ཤ་ (Arunachal Pradesh)། ཨུ་ཏ་ར་ཁན་ཌི་ (Uttarakhand)། ཧི་མ་ཅལ་པྲ་དེ་ཤ་ (Himachal Pradesh) བཅས་ཧི་མ་ལ་ཡའི་ས་ཁུལ་ཁག་གི་ནང་པའི་མང་ཚོགས་ལའང་རྒྱ་ཆེའི་ཤུགས་རྐྱེན་ཡོད་པ་གསུངས།
དེར་བརྟེན། ཡང་སྲིད་ངོས་འཛིན་གྱི་ལས་རིམ་སུས་དབང་འཛིན་བྱེད་པ་དེ་ཆོས་ལུགས་ཀྱི་བརྒྱུད་འཛིན་ཙམ་གྱི་གནད་དོན་མིན་པར། ས་ཁུལ་གྱི་དབང་ཤུགས་དང་ཆབ་སྲིད་འབྲེལ་བར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་གསུངས།
ཁོང་གིས། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་དོ་སྣང་ཆེན་པོ་བྱེད་པ་དེ་ཨེ་ཤེ་ཡའི་ནང་གི་རྒྱ་ནག་གི་སྤྱི་ཡོངས་འཐབ་ཇུས་དང་སྦྲེལ་ནས་གོ་བ་ལེན་དགོས་པ་དང་། ལྷག་པར་དུ་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང་། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་ཤུགས་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་དང་འབྲེལ་བ་ཡོད་པ་གསུངས།
མཁས་དབང་བློ་བཟང་སེང་གེས་ཉེན་བརྡ་བཏང་དོན། གལ་ཏེ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་མི་མཐུན་པར། དད་ལྡན་མང་ཚོགས་ཀྱིས་ངོས་ལེན་མ་བྱས་པའི་ཡང་སྲིད་ཅིག་རང་འདོད་ལྟར་བསྐོ་གཞག་བྱས་ཚེ། རྒྱ་ནག་གིས་བསྐོས་པའི་མི་དེ་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ལྟ་ཚུལ་ལ་བསྟུན་དགོས་པའི་གནས་སྟངས་སུ་འགྱུར་སྲིད་པ་རེད།
ཁོང་གིས། དེའི་ནང་ཧི་མ་ལ་ཡའི་བྱང་ཕྱོགས་ཀྱི་ས་ཁུལ་ཚང་མ་རྒྱ་གར་ལ་མ་གཏོགས་པར་རྒྱ་ནག་ལ་དབང་བ་ཡིན་ཟེར་བའི་རྒྱ་ནག་གི་ས་ཁོངས་བདག་དབང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ་ཡང་ཚུད་སྲིད་པ་དང་། དེས་རྒྱ་གར་གྱི་ས་ཁོངས་དང་བདེ་འཇགས་ཀྱི་ཁེ་ཕན་ལ་ཉེན་ཁ་བཟོ་སྲིད་པ་གསུངས།
དེ་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ལུགས་ཀྱི་བརྒྱུད་འཛིན་ཙམ་གྱི་དོན་དག་མིན་པར། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་དང་། ས་མཚམས་ཀྱི་གནས་སྟངས། ཧི་མ་ལ་ཡའི་ས་ཁུལ་ཡོངས་ཀྱི་མ་འོངས་པ་བཅས་དང་འབྲེལ་བ་ཟབ་མོ་ཡོད་པ་ནན་བཤད་གནང་།
ཡང་སྲིད་ངོས་འཛིན་དང་། ཆོས་དད་རང་དབང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་གང་དུ་འཚོལ་ཞིབ་དང་ངོས་འཛིན་བྱེད་པ། དེ་བཞིན་ཡང་སྲིད་ཀྱི་སློབ་གསོ་སྐྱོང་སྟངས་བཅས་ཀྱི་ཐད་གླེང་སྐབས། མཁས་དབང་བློ་བཟང་སེང་གེས་ཆོས་དད་རང་དབང་གི་གལ་གནད་སླར་ཡང་ནན་བཤད་གནང་།
ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་《Voice for the Voiceless》ནང་གསལ་བའི་གསུང་དོན་ལུང་དྲངས་ཏེ། མཆོག་གིས་མ་འོངས་པར་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ཡང་སྲིད་འཁྲུངས་རྒྱུ་ཡིན་པ་དང་། དེ་ནི་རྒྱ་ནག་གི་ཕྱི་རོལ་ཡིན་པ་གསལ་བཤད་གནང་།
མཁས་དབང་བློ་བཟང་སེང་གེས། ཆོས་ཀྱི་དབུ་ཁྲིད་ཅིག་ལ་ཆོས་དད་རང་དབང་ཡོད་པའི་ཁོར་ཡུག་ཅིག་དགོས་ངེས་ཡིན་པ་དང་། དེ་ལྟའི་ཁོར་ཡུག་ནང་ཆོས་ཀྱི་ཉམས་ལེན་དང་། ཆོས་འཆད་ཉན། དད་ལྡན་མང་ཚོགས་དང་འབྲེལ་བ་བྱེད་པ་བཅས་ལ་རང་དབང་ཡོད་དགོས་པ་གསུངས།
ཁོང་གིས་དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་གི་ལམ་ལུགས་དང་འབྲེལ་བའི་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ (Gaden Phodrang Trust) ཡིས་མ་འོངས་ཡང་སྲིད་འཚོལ་ཞིབ་དང་། ངོས་འཛིན། གཏན་འཁེལ་བཅས་ཀྱི་ལས་རིམ་ནང་གལ་ཆེའི་འགན་འཁུར་ཡོད་པ་ནན་བཤད་གནང་།
ཁོང་གིས། བོད་བརྒྱུད་ནང་བསྟན་རང་གི་ཆོས་ལུགས་སྲོལ་རྒྱུན་དང་ལམ་ལུགས་ལ་བརྩི་འཇོག་བྱེད་པ་ནི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་ཚད་ལྡན་རང་བཞིན་སྲུང་སྐྱོབ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་གསུངས།
བོད་ཀྱི་རང་བྱུང་ཐོན་ཁུངས་དང་ས་ཁུལ་གྱི་བདེ་འཇགས།
ཆོས་དད་རང་དབང་དང་ཡང་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར། མཁས་དབང་བློ་བཟང་སེང་གེས་བོད་ཀྱི་རང་བྱུང་ཐོན་ཁུངས་དང་། ཆུ་བོའི་རྒྱུན་ལམ། ས་ཁམས་གནས་བབ་བཅས་ཀྱི་ཐད་ནས་བོད་ཀྱིས་ལྷོ་ཨེ་ཤེ་ཡ་དང་ཨེ་ཤེ་ཡ་ཡོངས་ལ་ཡོད་པའི་འཐབ་ཇུས་ཀྱི་གལ་གནད་ལ་དཔྱད་ཞིབ་གནང་།
ཁོང་གིས། བོད་ཀྱི་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་བོ་གཙོ་བོ་མང་པོའི་ཆུ་འགོ་ཡིན་པས། དེའི་ཆུ་ཐོན་ཁུངས་ཀྱིས་ཉེ་འཁོར་རྒྱལ་ཁབ་ཁག་གི་ཁོར་ཡུག་དང་། དཔལ་འབྱོར། མི་མང་གི་འཚོ་བ་བཅས་ལ་གལ་ཆེའི་ཤུགས་རྐྱེན་ཡོད་པ་གསུངས།
དེར་བརྟེན། རྒྱལ་མཚམས་བརྒལ་བའི་ཆུ་བོ་དོ་དམ་དང་། ཆུ་ཁམས་གནས་ཚུལ་ཕན་ཚུན་བརྗེ་རེས། ཆུ་འགོའི་རྒྱལ་ཁབ་དང་ཆུ་མཇུག་གི་རྒྱལ་ཁབ་བར་མཉམ་ལས་བཅས་ནི་ས་ཁུལ་གྱི་བདེ་འཇགས་ལ་མེད་དུ་མི་རུང་བའི་གནད་དོན་ཡིན་པ་གསུངས།
མཁས་དབང་བློ་བཟང་སེང་གེས་རྒྱ་ནག་གིས་ཆུ་ཐོན་ཁུངས་མཉམ་སྤྱོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆིངས་ཡིག་ཁག་ལ་མཚན་རྟགས་འགོད་མི་འདོད་པར་སྐྱོན་བརྗོད་གནང་ཞིང་། དེའི་སྲིད་ཇུས་ཀྱིས་རྒྱ་གར་དང་བལ་ཡུལ་སོགས་ཆུ་མཇུག་གི་རྒྱལ་ཁབ་ཁག་ལ་བཟོ་སྲིད་པའི་ཤུགས་རྐྱེན་ཐད་བློ་འཚབ་ཡོད་པ་གསུངས།
ཁོང་གིས་ལྷག་པར་དུ་བལ་ཡུལ་གྱི་ར་སུ་ཝ་རྫོང་ (Rasuwa District) ནང་བྱུང་བའི་གློ་བུར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་སྐོར་གླེང་གནང་།
ཁོང་གིས། ཆུ་ལོག་དེས་མི་སྲོག་ཤོར་བ་དང་། ཁྱིམ་ཚང་སྟོང་ཕྲག་མང་པོའི་ཁང་པ་གཏོར་བཤིག་ཏུ་སོང་བ། དཔལ་འབྱོར་གྱི་གྱོང་གུན་ཨ་སྒོར་དུང་ཕྱུར་ ༥༠ ཙམ་བྱུང་བའི་ཚོད་དཔག་ཡོད་ཚུལ་གསུངས།
མཁས་དབང་བློ་བཟང་སེང་གེས་རྒྱ་ནག་ཕྱོགས་ནས་བལ་ཡུལ་ལ་གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་བྱས་ཡོད་མེད་ཐད་དོགས་འདྲི་གནང་།
ཁོང་གིས། རྒྱ་ནག་གིས་བོད་ནང་ལྟ་ཞིབ་དང་སྔོན་བརྡའི་ལག་རྩལ་མཐོན་པོ་ཡོད་པར་བཤད་བཞིན་ཡོད་པས། ཆུ་མཇུག་གི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རང་བྱུང་གནོད་འཚེ་ཚབས་ཆེན་སྐོར་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། བལ་ཡུལ་ལ་སྔོན་བརྡ་མཁོ་སྤྲོད་བྱེད་ཐུབ་དགོས་པ་གསུངས།
ཁོང་གིས། སྔོན་བརྡ་འོས་འཚམ་མ་བཏང་བ་དེ་རྒྱ་ནག་གི་ལྟ་ཞིབ་མ་ལག་ལ་ཞན་ཆ་ཡོད་པའི་མཚོན་རྟགས་ཡིན་སྲིད་པའམ། ཡང་ན་གནས་ཚུལ་ཆེད་དུ་མཉམ་སྤྱོད་མ་བྱས་པའི་གནད་དོན་ཡང་ཡིན་སྲིད་པ་གསུངས།
མཁས་དབང་བློ་བཟང་སེང་གེས། ཆུ་བོ་གཅིག་གི་རྒྱུན་ལམ་མཉམ་སྤྱོད་བྱེད་པའི་རྒྱལ་ཁབ་ཁག་གི་བར་གནས་ཚུལ་གསལ་ཆ་དང་། ཕན་ཚུན་མཉམ་ལས། གནོད་འཚེའི་སྔོན་བརྡ་དང་གནས་ཚུལ་མཉམ་སྤྱོད་ཀྱི་ལམ་ལུགས་ནུས་ལྡན་བཅས་ཧ་ཅང་གལ་ཆེན་ཡིན་པ་ནན་བཤད་གནང་།
ཁོང་གིས། ཆུ་ཁམས་དང་གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་མཉམ་སྤྱོད་བྱས་ཚེ། རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་གཏོང་ཐུབ་པ་མ་ཟད། གནོད་འཚེ་ཚབས་ཆེན་བྱུང་སྐབས་མི་སྲོག་མང་པོ་སྐྱོབ་ཐུབ་པའང་ཡིན་པ་གསུངས།
རྒྱ་ནག་གིས་བོད་ནང་ཆུ་གློག་ལས་གཞི་ཆེན་པོ་བསྐྲུན་པས་བདེ་འཇགས་ཀྱི་བློ་འཚབ་བསླངས་པ།
མཁས་དབང་བློ་བཟང་སེང་གེས་རྒྱ་ནག་གིས་བོད་མཐོ་སྒང་དུ་རྒྱ་ཆེའི་ཆུ་གློག་ལས་གཞི་བསྐྲུན་བཞིན་པར་བློ་འཚབ་ཡོད་པ་གསུངས།
ཁོང་གིས། ཆུ་མཛོད་ཆེན་པོ་དང་འབྲེལ་ཡོད་རྨང་གཞིའི་མཐུན་རྐྱེན་ཁག་གིས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་བ་བཟོ་སྲིད་པ་མ་ཟད། ཆུ་མཇུག་གི་རྒྱལ་ཁབ་ཁག་གི་ཆུ་ཐོན་ཁུངས་བདེ་འཇགས་དང་ས་ཁུལ་གྱི་འཐབ་ཇུས་གནས་བབ་ལའང་ཤུགས་རྐྱེན་ཐེབས་སྲིད་པ་གསུངས།
ཁོང་གིས་ལྷག་པར་དུ་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ (Yarlung Tsangpo) ཐོག་སྤེལ་བཞིན་པའི་ཆུ་གློག་ལས་གཞི་ཆེན་པོའི་སྐོར་གླེང་གནང་།
ཡར་ཀླུང་གཙང་པོ་རྒྱ་གར་ནང་བཞུར་རྗེས་བྷ་ར་མ་པུ་ཏྲ་གཙང་པོ་ (Brahmaputra River) ཞེས་འབོད་པ་དང་། དེ་ནི་རྒྱ་གར་བྱང་ཤར་ས་ཁུལ་གྱི་ཆུ་བོ་གཙོ་བོ་ཞིག་ཡིན།
མཁས་དབང་བློ་བཟང་སེང་གེས། བོད་ཀྱི་མེ་ཏོག་རྫོང་ (Medog) ས་ཁུལ་དུ་བསྐྲུན་བཞིན་པའི་ཆུ་གློག་ལས་གཞི་ཆེན་པོ་དེའི་གཞི་རྒྱ་ཧ་ཅང་ཆེ་བ་དང་། རྒྱ་གར་གྱི་ཨ་རུ་ན་ཅལ་པྲ་དེ་ཤ་དང་ས་མཚམས་ཉེ་བར་གནས་པས། རྒྱ་གར་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་གསུངས།
ཁོང་གིས། དེ་འདྲའི་ལས་གཞི་ཆེན་པོ་དག་ནི་རྒྱལ་མཚམས་བརྒལ་བའི་ཆུ་ཐོན་ཁུངས་དོ་དམ་དང་ཁོར་ཡུག་གི་ཉེན་ཁ་ཙམ་མ་ཡིན་པར། རྒྱ་གར་གྱི་ས་མཚམས་བདེ་འཇགས་དང་ཡུན་རིང་གི་འཐབ་ཇུས་ཁེ་ཕན་ལའང་ཤུགས་རྐྱེན་བཟོ་སྲིད་པ་གསུངས།
དེར་བརྟེན། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། རྒྱལ་མཚམས་བརྒལ་བའི་ཆུ་བོ་དོ་དམ། ས་ཁུལ་གྱི་བདེ་འཇགས་བཅས་ཀྱི་ཕན་ཚུན་འབྲེལ་བར་དོ་སྣང་སྔར་ལས་ཆེ་བ་བྱེད་དགོས་པའི་འབོད་སྐུལ་གནང་།
རྒྱ་གར་གཞུང་དང་མི་མང་ལ་དོ་སྣང་དང་རྒྱབ་སྐྱོར་སྔར་ལས་ཆེ་བ་གནང་དགོས་པའི་འབོད་སྐུལ།
གསུང་བཤད་ཀྱི་མཇུག་ཏུ། མཁས་དབང་བློ་བཟང་སེང་གེས་རྒྱ་གར་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་། དེའི་རྒྱབ་ཏུ་ཡོད་པའི་ཆོས་དད་རང་དབང་། རྒྱལ་སྤྱིའི་ཁྲིམས་ལུགས། ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་བཅས་ལ་དོ་སྣང་སྔར་ལས་ཆེ་བ་གནང་དགོས་པའི་འབོད་སྐུལ་གནང་།
ཁོང་གིས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་ལ་ཐེ་ཇུས་བྱེད་པར་རྒྱ་གར་སྤྱི་ཚོགས་ཀྱིས་དོ་སྣང་བྱས་ཏེ། ཆོས་དད་རང་དབང་དང་བོད་མིའི་ཆོས་ལུགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཐད་མཐུན་སྒྲིལ་དང་རྒྱབ་སྐྱོར་མཚོན་པར་བྱེད་དགོས་པ་གསུངས།
མཁས་དབང་བློ་བཟང་སེང་གེས་ཚོགས་བཅར་ཁྲིམས་རིག་སློབ་མ་ཚོར་ཡང་། ཆོས་དད་རང་དབང་དང་། རྒྱལ་སྤྱིའི་ཁྲིམས་ལུགས། ས་ཁུལ་གྱི་ས་ཁམས་ཆབ་སྲིད་བཅས་ཀྱི་ཕན་ཚུན་འབྲེལ་བར་སློབ་སྦྱོང་དང་ཉམས་ཞིབ་གཏིང་ཟབ་བྱེད་དགོས་པའི་སྐུལ་མ་གནང་།
ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་ད་ལྟའི་དུས་སྐབས་ཀྱི་གལ་ཆེའི་གནད་དོན་ཞིག་ཡིན་པ་མ་ཟད། མ་འོངས་པའི་ལོ་མང་རིང་བོད་དང་། རྒྱ་གར། ཧི་མ་ལ་ཡའི་ས་ཁུལ་ཡོངས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་མུ་མཐུད་ཐེབས་ངེས་པ་ནན་བཤད་གནང་།
གསུང་བཤད་འདིར་སློབ་མ་དང་དགེ་རྒན་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་ཞུགས་ཡོད། གསུང་བཤད་གྲུབ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་སྤེལ་ཞིང་། སློབ་མ་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཆོས་དད་རང་དབང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད། ས་ཁུལ་གྱི་བདེ་འཇགས་སོགས་ཀྱི་ཐད་དྲི་བ་མང་པོ་བཏོན་ཏེ། མཁས་དབང་བློ་བཟང་སེང་གེ་དང་ལྷན་དུ་བསམ་ཚུལ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་ས་ཁམས་ཆབ་སྲིད་ཀྱི་འབྲེལ་བ།
བོད་ཀྱི་རང་བྱུང་ཐོན་ཁུངས་དང་ས་ཁུལ་གྱི་བདེ་འཇགས།
རྒྱ་གར་གཞུང་དང་མི་མང་ལ་དོ་སྣང་དང་རྒྱབ་སྐྱོར་སྔར་ལས་ཆེ་བ་གནང་དགོས་པའི་འབོད་སྐུལ།