མཁས་དབང་བགྲོ་གླེང་ཐོག་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གླེང་བ།

ཕྱི་ལོ་༢༠༢༦ཟླ་༨ཚེས་༥ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་གྱི་མཐོ་སློབ་གྲགས་ཅན་ Jawaharlal Nehru Universityཨེ་ཤི་ཡ་དང་རྒྱལ་སྤྱིའི་སློབ་སྦྱོང་སྡེ་ཚན་གཉིས་མཉམ་འབྲེལ་གྱིས་ཏཱ་ལའི་བླ་མའི་ཡང་སྲིད་ལོ་རྒྱུས་དང་དེའི་འཕེལ་རིམ་སྐོར་མཁས་དབང་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

ལས་རིམ་དེའི་ཆེད་རྒྱལ་སྤྱིའི་མཐོ་སློབ་གྲགས་ཅན་ Aarhus University གྱི་སློབ་དཔོན་ཆེན་པོ་མཁས་དབང་འབུམ་རམས་པ་ Cameron David Warner མཆོག་ཆེད་དུ་མཉམ་བཞུགས་གནང་པ་དང་། མཐོ་སློབ་ཀྱི་ཉམས་ཞིབ་པ་དང་མཁས་དབང་རྣམས་ལ་གཏམ་བཤད་དང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། ཁོང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་སྒྲོམ་གཞི་དང་ལོ་རྒྱུས་ནི་ལོ་ངོ་བརྒྱ་ཕྲག་མང་པོ་ནས་བརྒྱུད་པའི་རིན་ཐང་ཅན་ཞིག་ཡིན་པ་དང་། དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆབ་སྲིད་དང་སྤྱི་ཚོགས་སོགས་ལ་གལ་འགངས་ཧ་ཅང་ཆེ་བ་ཞིག་ཀྱང་ཡིན་སྐོར་གསུངས།

དེ་ནས་ཁོང་གིས་ཡང་སྲིད་ཀྱི་ལྟ་གྲུབ་ནི་ནང་པའི་ཐུན་མིན་གྱི་ལྟ་གྲུབ་ཞིག་ཡིན་པ་དང་། དེ་ནི་གཏན་འབེབས་ཀྱི་སྒྲོམ་གཞི་ལྡན་པའི་ལྟ་གྲུབ་ཞིག་དང་། མི་དམངས་རྣམས་ཀྱིས་ཡིད་ཆེས་ཆེན་པོ་གནང་བའི་ལྟ་གྲུབ་ཞིག་ཀྱང་ཆགས་ཀྱི་ཡོད་པས།ལྟ་གྲུབ་དེའི་ཐད་གང་ཟག་དང་ཚོགས་སྡེ་སྤྱི་སྒེར་སུས་ཀྱང་ཐེ་ཇུས་བྱེད་དབང་མེད་ལུགས་གསུངས་། མ་ཚད། ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་ཕེབས་ཕྱོགས་དང་ཏཱ་ལའི་བླ་མ་ཁོང་རང་ཉིད་ལ་དབང་ཆ་ཡོད་པ་ལས་གཞན་སུ་ལའང་དེའི་ཐད་དབང་ཆ་གང་ཡང་མེད་པ་དང་། ཁོང་གིས་དེ་སྔ་༢༠༢༥ལོའི་དབྱ་ཁར། ཡོངས་ཁྱབ་ཀྱི་གསུང་བཤད་ནང་ཁོང་གི་ཡང་སྲིད་ནི་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འཁྲུངས་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། དེའི་རྗེས་ཨ་རིའི་གཞུང་གིས་ཀྱང་ཁྲིམས་མཆར་འདོན་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་སྐོར་ནི་ཏཱ་ལའི་བླ་མ་ཁོང་དང་། ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་བཅས་ལ་དབང་ཆ་ཡོད་པ་ལས། གཞན་སྤྱི་སྒར་སུས་ཀྱང་ཐད་ཇུས་མི་ཆོག་སྐོར་གསལ་ཡོད་པ་རེད།

ཕྱི་ལོ་༢༠༡༩ལོར། བློ་བཟང་སེང་གེ་སྲིད་སྐྱོང་ཡིན་པའི་སྐབས། རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་འཚོགས་ནས།བོད་དང་༧གོང་ས་ཏཱ་ལའི་བླ་མཆོག་གི་དབར་གྱི་འབྲེལ་བ་སྐོར་སོགས་བགྲོ་གླེང་གནང་པ་དང་།བོད་མི་དམངས་ནང་ཁུལ་ལ་བསམ་ཚུལ་བསྡུ་རུབ་བྱས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནས་དོན་དང་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་བཅས་ཡོངས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ལ་མ་གཏོགས་མེད་སྐོར་དང་དེའི་ཐད་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་གྱིས་རྒྱབ་སྐྱོར་དགོས་གལ་སྐོར་གསུངས།

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ནི་དུས་རབས་འདྲ་མིན་ནས་གནས་སྟངས་འདྲ་མིན་འོག་འགྱུར་བ་སོང་ཡོད་ནའང་། འགྱུར་བ་ཇི་ལྟར་སོང་ནའང་བོད་ཀྱི་ནང་བསྟན་རིག་པའི་ལྟ་གྲུབ་དང་མཐུན་པ་དང་། བོད་མི་དམངས་རྣམས་ཀྱི་དང་ལེན་ཐུབ་པའི་ཆ་རྐྱེན་ཐོག་གྱུར་བ་ཕྱིན་ཡོད་པ་རེད།རྒྱ་ནག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནས་དོན་ཐད་ཐེ་ཇུས་བྱེད་པའི་བསམ་བློ་ཡོད་པ་དང་འཆར་གཞིའང་ཡོད་ནའང་།རྒྱ་ནག་ནི་ཆོས་ལུགས་ལ་ཡིད་ཆེས་མེད་པའི་ཆོས་མེད་སྨྲ་བ་ཞིག་ཡིན་པས།ཁོ་ཚོས་ཏཱ་ལའི་བླ་མའི་ཡང་སྲིད་ཐེ་ཇུས་བྱེད་དགོས་ལབ་པ་ནི་དགོད་བྲོ་བའི་གནས་ཚུལ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་།

ཐེངས་འདིའི་མཁས་དབང་བགྲོ་གླེང་ཐོག རྒྱ་གར་གྱི་མཁས་དབང་དང་ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་སུམ་ཅུ་ལྷག་མཉམ་བཞུགས་གནང་ཡོད།