བློ་བཟང་སེང་གེ་མཆོག་གིས། ཤེས་ཡོན་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་འཛུགས་བསྐྲུན་བྱེད་པའི་མ་རྩ་ཡིན་གསུང་།

ཕྱི་ལོ་༢༠༢༦ ཟླ་༥་ཚེས་༢༡ཉིན། ཀ་ལོན་སྤུང་གི་སམ་བྷ་ཊ་སློབ་གྲྭ་ནས་༡༠༨ཞི་བདེ་ལྟེ་གནས་ཀྱི་ཚོགས་གཙོ་སྲིད་ཟུར་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་གདན་འདྲེན་ཞུས་ཡོད་པ་དང་། ཁོང་གིས་སློབ་མ་རྣམས་ལ་སེམས་ཤུགས་སྤར་བའི་བཀའ་སློབ་གནང་ཏེ་དགེ་ལས་སློབ་མ་རྣམས་དགའ་པོ་ཆེན་པོ་བྱུང་ཡོད།

བློ་བཟང་སེང་གེ་མཆོག་གིས། སློབ་མ་རྣམས་ལ་ཕུགས་བསམ་དགོས་གལ་ཆེ་པ་དང་། ཕུགས་བསམ་དེའང་བོད་མི་རིགས་དང་འགྲོ་བ་མིའི་རིགས་ལ་ཕན་རླབས་སྒྲུབ་ཐུབ་པ་ཞིགས་ལ་དམིགས་བཟུང་བྱེད་དགོས་སྐོར་དང་། ཕུགས་བསམ་དེ་ཉིད་མངོན་འགྱུར་བྱེད་པར་ངེས་པ་དུ་དཀའ་ལས་བརྒྱབ་དགོས་པ་དང་། ཐབས་ལམ་ཤེས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་དང་། དགེ་རྒན་རྣམས་པའི་གང་གསུང་ཉན་ཏེ་སློབ་ཚན་དབྱེ་མེད་ལ་འབད་བརྩོན་བྱེད་པ་ཡིན་ན། ཕུགས་བསམ་ག་རེ་ཡོད་ནའང་མངོན་འགྱུར་ཐུབ་ཀྱི་ཡོད་སྐོར་དཔེ་ཚོན་དང་བཅས་འགྲེལ་བརྗོད་གནང་།

ཁོང་གིས་གསུང་དོན། ཀ་ལོན་སྤུང་གི་སམ་བྷ་ཊ་སློབ་གྲྭ་དང་ས་གནས་དེ་ནི་ཁོང་གི་བྱིས་པའི་མི་ཚེ་རོལ་བའི་སྤྲོ་སྣང་ལྡན་པའི་དྲན་པ་ཞིག་ཡིན་པས། ཁོང་ལ་མཚོན་ན། སློབ་གྲྭ་དེ་དང་ས་གནས་དེ་ནི་རིན་ཐང་ལྡན་པ་ཞིག་ཡིན་སྐོར་གསུངས། དེ་ནས་ཁོང་གིས་ཤེས་ཡོན་ནི་རྒྱལ་ཁབ་དང་མི་རིགས་ཤིག་ཡར་རྒྱས་དང་འཛུགས་བསྐྲུན་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པས། ཚང་མས་ཤེས་ཡོན་སློབ་གསོའི་ཐད་ཤུགས་བསྣོན་བརྒྱབ་ཏེ་མ་འོངས་བོད་ཀྱི་རྩ་དོན་འཐབ་རྩོད་ཐད་ནུས་པ་འདོན་ཐུབ་མཁན་ཞིག་ལ་དམིགས་ཡུལ་བཟུང་དགོས་གསུངས།

བློ་བཟང་སེང་གེ་མཆོག་གིས། ད་ལྟའི་ཆར་འཛམ་གླིང་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་དུས་མཚུངས། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་དབར་ལའང་འགྱུར་བ་མང་པོ་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་ལ་མཚོན་ན། ཁོང་ཚོས་སོ་སོའི་སྟོབས་ཤུགས་དང་ས་ཁྱོན་རྒྱ་བསྐྱེད་གཏོང་ཆེད། དམིགས་ཡུལ་མང་པོ་བཟུང་གི་ཡོད་ལ། དམིགས་ཡུལ་དེ་དག་འགྲུབ་ཆེད་འགྲོ་སོང་མང་པོ་གཏོང་གི་ཡོད། ལས་འགུལ་མང་པོ་བརྩམས་དང་རྩོམ་མུས་རེད། གནས་སྟངས་འདི་ལྟ་བུའི་སྐབས་སུ། རྒྱ་གར་གྱི་ཉམས་ཞིབ་པ་རྣམས་ཀྱིས་ངེས་པར་ཏུ་རྒྱ་ནག་གིས་རྒྱ་གར་ལ་བརྐྱངས་བའི་ངན་ཇུས་དེ་དག་སྐོར་ཉམས་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེ་པོ་ཡིན་སྐོར་གསུངས།

དེ་ནས་ཁོང་གིས་མུ་མཐུད། ད་ཆར་རྒྱ་ནག་གཞུང་ནི་ཉིན་རེ་ནས་ཉིན་རེར་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་། ང་ཚོའི་འཐབ་རྩོད་དེའང་ཉིན་རེ་ནས་ཉིན་རེར་དཀའ་ཁ་ཆེ་རུ་འགྲོ་གི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོ་བོད་མི་ཡོད་དོ་ཅོག་གིས་དེ་སྔ་ལས་ལྷག་བོད་དོན་འཐབ་རྩོད་ལ་ཤུགས་བསྣོན་བརྒྱབ་དགོས་ཀྱི་ཡོད་སྐོར་དང་། ད་ཆར་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡང་སྲིད་གནས་དོན་ཐད་ལའང་ལག་པར་བསྐྱངས་ནས། མ་འོངས་པར་ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་སྟངས་འཛིན་བྱེད་དགོས་བསམ་པའི་བསམ་ངན་བསྐྱངས་བཞིན་པའི་སྐབས། ང་ཚོས་ངེས་པར་ཏུ་འཛམ་གླིང་རྒྱལ་ཁབ་དང་དཔོན་རིགས་ཁག་ལ་གོ་རྟོགས་གང་ཡོང་སྤེལ་ནས་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་བྱེད་དགོས་པའི་ལས་གཞི་རྒྱ་ཆེར་གཏོང་དགོས་གལ་ཡིན་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་གནས་དོན་འདི་ནི་བོད་པའི་གནས་དོན་ཙམ་མིན་པར། འདི་ནི་རྒྱ་ནག་གཞུང་གིས་མ་འོངས་པར་རྒྱ་གར་གྱི་ཆ་ཁྱོན་ལ་དྭགས་དང་ཨ་རི་ན་ཅལ་།ད་དུང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ས་ཁུལ་ཁག་བཙན་བཟུང་བྱེད་པའི་དམིགས་ཡུལ་འགྲུབ་ཆེད་ཀྱང་ཡིན་པས།དེའི་ཐད་རྒྱ་གར་གཞུང་དམངས་གཉིས་ནས་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་གལ་སྐོར་ཡང་གསུངས།

དེ་ནས་ཁོང་གིས་སློབ་མ་རྣམས་ནི་མ་འོངས་བོད་ཀྱི་སྲོན་རྩ་ཡིན་པ་དང་སློབ་མ་རྣམས་ལ་ཤེས་ཡོན་གྱི་ཐོན་རྐྱེན་གང་ཐུབ་སྦྱར་དགོས་པ་དང་། དགེ་ལས་རྣམས་ཀྱིས་སློབ་མ་རྣམས་སོ་སོའི་ཕྲུ་གུ་ནང་བཞིན་བརྩེ་བ་དང་བྱམས་པའི་འདི་ཤེས་ནས་གསོ་སྐྱོང་བྱེད་དགོས་གལ་སྐོར་གསུངས།

མཐར་དགེ་ལས་རྣམས་ཀྱི་དྲི་བ་རྣམས་ལ་ལན་འདེབས་གནང་ཏེ་ལས་རིམ་རྒྱལ་ཁ་ངང་མཇུག་སྒྲིལ།