༡༠༨ ཞི་བདེ་ལྟེ་གནས་དང་རྒྱ་གར་ཤིན་ལར་གཏན་གཞི་བྱེད་པའི་མཐོ་སློབ་Himachal Pradesh Universityགཉིས་མཉམ་འབྲེལ་གྱིས་བོད་དང་རྒྱ་གར་བར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ལས་རིམ་དེའི་ཐོག་མགྲོན་གྱི་གཙོ་བོ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལ་གདན་འདྲེན་ཞུས་ཡོད་པ་ེརེད།
སྐུ་ཞབས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ནི་བོད་ཀྱི་ཆབ་སྲིད་དང་གནས་བབས་ལ་རྒྱུས་མངའ་ཆེ་ཞིང་། བོད་ཀྱི་གནའ་དེང་གི་ལོ་རྒྱུས་ལ་མཁྱེན་རྒྱ་ཡངས་པའི་ལས་འགུལ་བ་ཞིག་ཡིན་པ་རེད། ཁོང་གིས་དངོས་ཡོད་ཀྱི་གནས་བབས་གཞིར་བཞག་ཐོག་བོད་དང་རྒྱ་གར་བར་གནའ་དུས་ནས་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད་སྐོར་དང་། བོད་ཀྱི་ཁོར་ཡུག་དང་གཙང་པོ་སོགས་ཀྱི་ཐོན་ཁུངས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ཡུལ་མི་ས་ཡ་མང་པོར་ཕན་རླབས་ཆེན་པོ་སྒྲུབ་ཀྱི་ཡོད་པ་མ་ཟད། དེ་སྔར་བོད་དེ་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་སྐབས། བོད་དང་རྒྱ་གར་བར་གྱི་ས་མཚམས་སུ་ཕན་ཚུན་ཡིད་ཆེས་ཆེན་པོས་མཉམ་གནས་བྱས་པ་དང་། དམག་མི་དང་གོ་མཚོན་སོགས་ཀྱི་འགྲོ་གྲོན་ཆེན་པོ་མེད་སྐོར། ཕྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་པ་ནས། བོད་དང་རྒྱ་གར་བར་གྱི་ས་མཚམས་ལ་དམག་འཁྲུག་མང་པོ་བྱུང་པ་དང་། རྒྱ་ནག་གིས་རྒྱ་གར་གཞུང་ལ་ཧམ་བཤད་མང་པོ་བྱེད་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་ས་མཚམས་སུ་འགྲོ་གྲོན་ཆེན་པོ་བཏང་དང་གཏོང་དགོས་ཁེལ་བ་སོགས་ཀྱི་གནད་དོན་ཐད་འགྲེལ་བརྗོད་གནང་།

ཁོང་གིས་མུ་མཐུད། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན། རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་ཞིག་མེད་སྐོར་བརྗོད་པ་དང་། དེ་དང་དུས་མཚུངས། ཁོང་གིས་རྒྱ་གར་གཞུང་གིས་མུ་མཐུད་བོད་མི་རྣམས་ལ་རོགས་རམ་གང་མང་གནང་དགོས་པ་དང་། ལྷག་པར་ཏུ་བོད་ཀྱི་བདེན་མཐའ་སེལ་ཆེད་རྒྱ་གར་གཞུང་གིས་བློ་ཁོག་ཆེན་པོས་རྒྱ་ནག་གཞུང་ལ་རྣམ་འགྱུར་སྟོན་དགོས་སྐོར་གསུངས། ཁོང་གིས་གསུང་དོན་ལ། རྒྱ་གར་གཞུང་ནི་བོད་ཀྱི་གནས་སྟངས་ཡག་ཤོས་མཁྱེན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ཁབ་འདིའང་ཨེ་ཤི་ཡའི་ས་ཁྱོན་དུ་རྒྱལ་ཁབ་སྟོབས་ཆེ་ཤོས་ཤིག་ཡིན་པས། རྒྱ་གར་གཞུང་མང་གཉིས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ནའང་། བོད་ཀྱི་འཐབ་རྩོད་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་རམས་བྱེད་གལ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དེ་ནས་ཁོང་གིས་མུ་མཐུད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་དང་ཁོང་གི་རླབས་ཆེ་བའི་དགོངས་པ་དེ་དག་རྒྱ་གར་གཞུང་གིས་དོ་སྣང་ཆེན་པོ་གནང་དགོས་གལ་ཡིན་སྐོར་གསུངས་པ་མ་ཟད། ༧གོང་ས་མཆོག་གིས་རྒྱུན་དུ་རྒྱ་གར་ནི་བོད་ཀྱི་དགེ་རྒན་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། བོད་ཡིག་ལ་སོགས་པ་རྒྱ་གར་ནས་མར་ནང་འདྲེན་བྱས་ཡོད་སྐོར་གསུངས་། ལྷག་པར་ཁོང་གིས་དེང་སང་རྒྱ་གར་གྱི་གཞོན་སྐྱེས་ཚོས་ངེས་པར་དུ་བོད་ཀྱི་གནས་དོན་སྐོར་ལ་ཐུགས་སྣང་གནང་དགོས་སྐོར་འགྲེལ་བརྗོད་གནང་སོང་།
