༢༠༢༦ཟླ་༣ཚེས་༡༧ཉིན། ༡༠༨ཞི་བདེ་ལྟེ་གནས་དང་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་གྱིས་དེང་དུས་རང་བྱུང་གནོད་འཚེ་ལ་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། ཚོགས་འདུ་དེའི་ཐོག་བཙན་བྱོལ་བོད་ཀྱི་ཁོར་ཡུག་ཁྱད་ལས་གནང་མཁན་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ཕེབས་ཡོད།
བློ་བཟང་གཡང་མཚོ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཁོར་ཡུག་གི་གལ་ཆེ་རང་བཞིན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་མི་རེ་ངོ་རེའི་ཕྲག་སྟེང་དུ་འཁྲི་བའི་འོས་འགན་ཡིན་པ་དང་། དེང་སང་ཁོར་ཡུག་གཏོར་སྐྱོན་ཐེབས་པའི་རྐྱེན་གྱི་གནམ་གཤིས་འགྱུར་འགྲོས་ཇི་ལྟར་འགྲོ་མིན་དང་དེའི་མ་འོངས་སའི་གོ་ལ་ལ་གནོད་སྐྱོན་ཇི་ལྟེ་ཐེབས་རྒྱུ་ཡིན་སྐོར་སོགས་ལ་འགྲེལ་བརྗོད་གནང་ཡོད། མ་ཚད། བློ་བཟང་གཡང་མཚོ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་འགྲེལ་བརྗོད་དང་། དེའི་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ལ་གལ་འགངས་ཇི་ལྟར་ཆེན་པོ་ཡིན་མིན་ཐེབས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་དབང་གིས། མ་འོངས་པར་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གྱོང་གུད་ཇི་ལྟར་གཏང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་།
བློ་བཟང་གཡང་མཚོ་ལགས་ཀྱིས་བོད་ནང་བོད་མི་ཚོས་སོ་སོའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད། ༢༠༡༠ནས་༢༠༢༥བར་བོད་ཀྱི་ས་ཁུལ་འདྲ་མིན་ནས་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་པར་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དྲག་པོས་ཐོག་བོད་མི་མང་པོར་བཙོན་ཁང་དུ་བཅུག་པ་དང་མནའ་གཅོད་བརྡུང་འདེད་ཇི་ལྟར་བཏང་དང་གཏོང་མུས་ཡིན་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་ཁོར་ཡུག་གནས་སྟངས་རྣམས་མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་གི་སྡིང་ཆ་ཆེ་ཁག་རྣམས་ལ་ཞུ་བཏུགས་བྱས་དང་བྱེད་མུས་ཡིན་སྐོར་ཡང་འགྲེལ་བརྗོེད་གནང་།

འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ལ་འབོད་སྐུལ་ཞུ་དོན། ཁོང་གིས་བོད་ཀྱི་ཁོར་ཡུག་གནས་སྟངས་ཇི་ཆགས་ནི་འབྱུང་འགྱུར་རྒྱ་གར་གྱི་མཐུང་ཆུ་གཙོས་གནམ་གཤིས་འགྱུར་ལྡོག་དང་སོ་ནམས་ཞིང་ལས་ལ་གནད་འགག་ཁེལ་བའི་གནས་དོན་ཞིག་ཡིན་ཕྱིན། རྒྱ་གར་གཞུང་དམངས་གཉིས་ཀྱིས་སོ་སོའི་རང་དོན་གྱི་ཆེད་དུ་ཡིན་ནའང་། བོད་དོན་ལ་རྒྱབ་སྐྱོར་གནང་པ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ལས་འགུལ་གང་མང་བརྩམས་དགོས་པ་དང་། ཐབས་ཤེས་འདྲ་མིན་ནས་རྒྱ་ནག་གཞུང་ལ་མནོན་ཤུགས་སྤྲོད་དགོས་སྐོར་ཡང་གསུངས། མཐར་འབྲེལ་ཡོད་ཀྱི་ལས་སྣེ་ཚོས་ཁོང་ལ་ཆེ་བསྟོད་ཀྱི་ལག་བསྟར་ཕུལ་པ་དང་བགྲོ་གླེང་གི་ནང་དོན་ལ་དགའ་མོས་ཆེན་པོ་བྱུང་ཡོད། ད་ཐེངས་ཀྱི་བགྲོ་གླེང་དེའི་ཐོག་དགེ་སློབ་དང་མཁས་དབང་བཅས་མི་གྲངས་༢༠༠ ལྷག་ཕེབས་ཡོད་པ་རེད།

