བཀའ་ཟུར་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་གླེང་པ།

༢༠༢༦ཟླ་༧ཚེས་༤ཉིན། ༡༠༨ཞི་བདེ་ལྟེ་གནས་དང་Sidhi Foundationདཔེ་མཛོད་དང་ཉམས་ཞིབ་སྡེ་ཚན་ནས་མཉམ་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པའི་སྐོར་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིགས་ཞུས་ཡོད་པ་དང་། གཏམ་བཤད་དེའི་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་ཆོས་འབྱུང་དབང་ཕྱུག་མཆོག་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་། མཁས་དབང་བཅས་མི་སྣ་གལ་ཆེན་མང་པོ་ཕེབས་ཡོད་པ་རེད།

ལས་རིམ་དེའི་ཐོག རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་རྩོད་པ་Shri Bablaji མཆོག་གིས་ལས་རིམ་གཙོ་སྐྱོང་གནང་པ་དང་། དེ་ནས་སྐུ་ཞབས་Shri Inderpal Singh Kohli Jiམཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་རྗེས་སྐོར་འགྲེལ་བརྗོད་གནང་པ་མ་ཟད། དེ་སྔ་ཁོང་གིས་༧མགོན་པོ་གང་ཉིད་དང་མཇལ་རྒྱུ་བྱུང་སྐོར་དང་། སྐབས་དེར་༧གོང་ས་མཆོག་གི་བཀའ་སློབ་ཇི་གནང་སྐོར། ད་དུང་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་རྣམས་ལ་ཡི་རངས་དང་ཡིད་མོས་བྱེད་ཀྱི་ཡོད་སྐོར་མང་པོ་གསུངས། དེའི་རྗེས་རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་Col. Ajay Kothiyal Ji མཆོག་གིས་བོད་དོན་དེ་ཉིད་ནི་བོད་མི་ཙམ་མ་ཡིན་པ། རྒྱ་གར་གཞུང་ལའང་ཧ་ཅང་གལ་གནད་ཆེ་བའི་གནས་དོན་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཉེ་ཆར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེག་བཏང་སྐོར་གྱི་གནས་ཚུལ་རྣམས་ཚོགས་བཅར་བ་རྣམས་ལ་འགྲེལ་བརྗོད་གནང་པ་མ་ཟད། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་མྱ་ངན་གུས་བཏུད་ཀྱང་བྱས།

དེའི་རྗེས་བཀའ་ཟུར་ཆོས་འབྱུང་དབང་ཕྱུག་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། སྒྲིག་འཛུགས་ཀྱི་དམིགས་བསལ་དང་སྒྲོམ་གཞི་སྐོར་འགྲེལ་བརྗོད་གནང་རྗེས།་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དབར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་ཐོག་སྐུ་ལས་ཇི་ལྟར་སྐྱོན་ཡོད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། ༧མགོན་པོ་གང་གི་མཛད་རྗེས་ལ་བརྟེན་ནས་འཛམ་གླིང་རྣམས་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད་སྐོར་ལའང་འགྲེལ་བརྗོད་གནང་སོང་། དེའི་མ་ཚད། སྐུ་ངོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་རེ་རེ་བཞིན་འགྲེལ་བརྗོད་གནང་ཏེ་ཚོགས་བཅར་བ་རྣམས་ཀྱིས་དགའ་མོས་ཆེན་པོ་ཐོབ་ཡོད།

མཐར་ལས་རིམ་གོ་སྒྲིག་པ་རྣམས་ཀྱིས་བཀའ་ཟུར་མཆོག་ལ་རྗེས་དྲན་ལག་རྟགས་ཕུལ་པ་དང་། བཀའ་ཟུར་མཆོག་གིས་མཁས་དབང་དང་ཚོགས་བཅར་བ་རྣམས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་འགྲིན་ཚབ་ཅེས་ལག་རྟགས་གནང་པ་དང་།རྗེས་སོར་ལས་རིམ་དེའི་རིགས་གང་མང་དགོས་གལ་ཡིན་སྐོར་གསུངས་སྟེ་ལས་རིམ་ལེགས་འགྲུབ་བྱུང་།