དཔལ་ན་ལནྡྲ་གྱི་གནའ་རབས་ཤེས་རིག་རྒྱུན་སྐྱོང་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥ལོའི་ཟླ་༨ཚེས་༡༩ཉིན།༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ཏུ་བརྟན་གཞི་བྱེད་པའི་ College of Journalism and Mass Communication,གཉིས་ཀྱིས་མཉམ་འབྲེལ་ཐོག དུས་རབས་༢༡ནང་སྙིང་རྗེའི་འགོ་ཁྲིད་ཀྱིས་འཛམ་གླིང་ཞི་བདེ་ལ་ནུས་པ་བཏོན་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པ་རེད།ལས་རིམ་ཐོག་དགེ་བཤེས་བློ་གྲོས་བཟང་པོ་ལགས་གདན་འདྲེན་ཞུས་ཡོད།ཁོང་ནི་གདན་ས་དགའ་ལྡན་བྱང་བརྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཡིན་པ་དང་།སློབ་དཔོན་ཌོག་ཊར་ K. Sai Prasad ལགས་ཀྱིས་མཐོ་མིའི་གསུང་བཤད་གནང་པ་དང་།ཁོང་གིས་དེང་རབས་༢༡ནང་འཛམ་གླིང་ལ་དགོས་མཁོ་ཆེ་ཤོས་ནི་སྙིང་རྗེ་ལྡན་པའི་འགོ་ཁྲིད་ཡིན་པ་དང་།འགོ་ཁྲིད་ལ་སྙིང་རྗེ་ལྡན་ན་མི་དམངས་ལ་བདེ་སྐྱིད་ཡོང་གི་ཡོད་སྐོར་གསུངས།

དགེ་བཤེས་བློ་གྲོས་བཟང་པོ་ལགས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལྟ་གྲུབ་ལ་འགྲེལ་བརྗོད་གནང་པ་དང་ཁོང་གིས་ཐོག་མར་སྙིང་རྗེ་ལ་བསྟེན་པའི་སྒོམ་སྒྲུབ་འཁྲིད་སྟོན་ཞིག་གནང་ནས།སློབ་གསོ་ཡོངས་ཀྱི་ཁོར་ཡུག་ལ་ཞི་ཞིང་བསམ་གཞིགས་ཀྱི་ཚོར་བ་བསྐྲུན།དེའི་རྗེས་ཁོང་གིས་སེམས་མཉམ་empathy དང་ སྙིང་རྗེ་compassionགཉིས་ཀྱི་ཁྱད་པར་ཡང་གསལ་བཤད་གནང།སེམས་མཉམ་ནི་གཞན་གྱི་སྡུག་བསྔལ་ཚོར་ཐུབ་པ་ཙམ་ཡིན་ན།སྙིང་རྗེ་ནི་དེ་ལས་བརྒལ་ཏེ།སྡུག་བསྔལ་སེལ་བར་ལག་ལེན་བྱེད་པར་སྐུལ་བ་ཡིན།སྙིང་རྗེས་མིའི་སེམས་ལ་བྱེད་པའི་ཤུགས་རྐྱེན་རྒྱ་ཆེན་པོ་བསྟན་པའི་ཆེད།དགེ་བཤེས་ལགས་ཀྱིས་རྒྱ་གར་མིན་པའི་རྒྱལ་ཁབ་འཇར་མན་ནས་ཡོང་བའི་ཚན་རིག་མཁས་པ་ཌོག་ཊར་ ཏ་ནི་ཡ་ སིང་གྷར (Dr. Tania Singer)གྱི་ཞིབ་འཇུག་ལ་དཔང་བོ་བཞག་བ་ཡིན།ཞིབ་འཇུག་དེས་ཧྥ་རན་སིའི་ནང་བསྟན་དགེ་སློང་ མ་ཐིའུ་ རི་ཀརྡ་ (Matthieu Ricard)ལ་གཞི་བཞག་སྟེ།སྙིང་རྗེའི་སྒོམ་སྒྲུབ་ཀྱིས་སྐད་ཅིག་གི་དགའ་ཚོར་དང་ཕན་འབྲས་ལ་འབྲེལ་བའི་ཀླད་པའི་ཆ་ཤས་སྐུལ་བར་བྱེད་པ་གསལ་པོར་བསྟན་ཡོད་སྐོར་གསུངས།
དེ་ནས་དགེ་བཤེས་ལགས་ཀྱིས་སྙིང་རྗེ་དང་བཟོད་པ་གཉིས་ཀྱི་ཕན་ཡུན་དང་དེ་ནི་འཚོ་བའི་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཆ་རྐྱེན་གཙོ་བོར་ཡིན་སྐོར་གསུངས་སྟེ།དེ་སྔར་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྟེ་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་ཡོད་ནའང་།༧གོང་ས་མཆོག་གི་དགྲ་བོ་ལ་སྙིང་རྗེ་དང་བཟོད་པ་སྒོམ་ནས་བོད་མི་རྣམས་སེམས་སྡུག་ལས་དཀྲོལ་ཐབས་གནང་སྐོར་གསུངས།

ཁོང་གིས་སྙིང་རྗེ་དང་བཟོད་པ་ནི་རྒྱ་གར་གནའ་རབས་ཀྱི་ཤེས་བྱ་ཡིན་པ་དང་དེ་ནི་དཔལ་ན་ལནྡྲ་ནང་སློབ་སྦྱོང་བྱེད་པའི་གཙོ་བོ་ཞིག་ཀྱང་ཡིན་ལུགས་གསུངས་སོང་།རྒྱ་གར་མི་དམངས་ནས་གནའ་རབས་རྒྱ་གར་གྱི་རིག་གནས་དང་ཤེས་བྱ་རྣམས་རྒྱུན་སྐྱོང་ལེགས་སྤེལ་བྱེད་ན་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལ་ཕན་རླབས་ཆེན་པོ་བསྒྲུབ་ཐུབ་ཀྱི་ཡོད་སྐོར་ཀྱང་གནན་བརྗོད་གནང་།དེ་ནས་དགེ་བཤེས་ལགས་ཀྱིས་མ་ཧཱ་ཏྨ་གྷནྡྷི། ནེལ་སན་མེན་ཌེ་ལ། མ་དར་ཏེ་རེ་ས་མོ་ལྟ་བུའི་འགོ་ཁྲིད་གང་མང་དགོས་ཀྱི་ཡོད་པ་དང་།དེ་ལྟར་བྱུང་ན།འཛམ་གླིང་ལ་ཞི་བདེ་ཐོབ་པ་དང་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་ཐུབ་ཀྱི་ཡོད་པ་རེད་གསུངས།

དགེ་བཤེས་ལགས་ཀྱི་སྙིང་རྗེའི་ཕན་ཡོན་དང་སྙིང་རྗེ་ལྡན་ན་འཛམ་གླིང་ལ་བདེ་སྐྱིད་ཇི་ལྟར་བསྐྲུན་ཐུབ་ཀྱི་ཡོད་མེད་སོགས་འགྲེལ་བརྗོད་མང་པོ་གནང་པ་དང་།ཁོང་གིས་དེང་སང་བཟོ་ལས་དང་རྒྱུ་རྩལ་མཐོ་རིམ་AIདར་འཕེལ་དང་གསར་བརྗེའི་ལམ་དུ་འགྲོ་བཞིན་པའི་དུས་མཉམ།སྙིང་རྗེ་གསར་བརྗེ་ཞིག་ཀྱང་དགོས་གལ་ཡིན་སྐོར་གསུངས།དེ་ནས་ཁོང་གིས་ཉིན་རེའི་འཚོ་བའི་ཁྲོད།སྒོམ་སྒྲུབ་དང་སྙིང་རྗེ་དང་བྱམས་པའི་སྐོར་སྒོམ་བསྒྲུབ་གནང་རྒྱུ་གལ་ཆེ་པ་དང་།དེ་ལྟར་བྱུང་ན།སོ་སོའི་ཉིན་རེའི་འཚོ་བ་བདེ་སྐྱིད་བྱུང་པ་ལ་ཕན་རླབས་ཆེན་པོ་ཡོང་གི་ཡོད་སྐོར་གསུངས།

ལས་རིམ་གྱི་མཇུག་ཏུ་ཚོགས་བཅར་བ་རྣམས་ཀྱི་དྲི་བ་ལ་ལན་འདེབས་བྱས་རྗེས།མཐོ་སློབ་ཀྱི་འབྲེལ་ཡོད་ལས་སྣེ་ཚོས་༡༠༨ཞི་བདེ་ལྟེ་གནས་དང་དགེ་བཤེས་ལགས་ལ་ཐུགས་རྗེ་ཆེ་ཞུས།ཐེངས་འདིར་དགེ་ལས་སློབ་མ་༥༠ལྷག་གིས་ཆ་ཤས་དང་མཉམ་བཞུགས་གནང་ཡོད།