༢༠༢༦ ཟླ་༣ཚེས་༢༣ཉིན། ༡༠༨ ཞི་བདེ་ལྟེ་གནས་དང་སྒང་ཐོག་གི་ICFAI མཐོ་སློབ་གཉིས་མཉམ་འབྲེལ་གྱིས་ས་ཁུལ་རྒྱུད་འཛིན་དང་མཛད་རྗེས།གདོང་ལེན་གྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད། གཏམ་བཤད་ལས་རིམ་དེའི་ཐོག་ཉམས་ཞིབ་པ་ཡེ་ཤེས་ཟླ་བ་ལགས་ཀྱི་ཆ་ཤས་བླངས་་ཡོད། ལས་རིམ་དེའི་ཐོག་སློབ་ཕྲུག་༦༥ཙམ་གྱི་ཆ་ཤས་ལེན་ཡོད།
གཏམ་བཤད་ཐོག་ཡེ་ཤེས་ཟླ་བ་ལགས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ལ་ངོ་སྤྲོད་གནང་པ་དང་། ཁོང་གིས་ད་བར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ཕྱག་ལས་ཇི་ལྟར་གནང་ཡོད་སྐོར་དང་། འཛམ་གླིང་ནང་གི་མི་དམངས་ས་ཡ་མང་པོས་ཁོང་ལ་དད་གུས་བརྩི་བཀུར་ཞུས་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གི་ཕྱག་ལས་ལ་ངོས་འཛིན་གྱིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་པ་་མ་ཟད། ཨ་རི་གཞུང་གི་གསེར་གྱི་རྟགས་མ་དང་འཛམ་གླིང་རྒྱལ་ཁབ་མང་པོས་སོ་སོའི་རྒྱལ་ནང་གི་གཟེངས་བསྟོད་འདྲ་མིན་ཕུལ་ཡོད་སྐོར་བཅས་འགྲེལ་བརྗོད་གནང་།
དེས་ནས་ཁོང་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཙམ་དུ་མ་ཟད། འཛམ་གླིང་ནང་གི་ནང་པ་ཁྱོན་ཡོངས་ལ་ཧ་ཅང་གལ་འགངས་ཆེ་བའི་མི་སྣ་ཞིག་ཡིན་ཙང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་དང་མི་དམངས་བཅས་སྟངས་འཛིན་བདག་བཟུང་བྱེད་པ་དང་། འཛམ་གླིང་ནང་གི་ནང་པ་ས་ཡ་མང་པོ་ལ་ཤུགས་རྐྱེན་སྤྲོད་ཆེད། ཁོང་གི་མ་འོངས་ཡང་སྲིད་ཐད་ལ་དོ་སྣང་དང་གྲ་སྒྲིག་ཆེན་པོ་གནང་གི་ཡོད་གསུངས།
དེ་ནས་ཁོང་གིས་མུ་མཐུད། ཕྱི་ལོ་༢༠༢༥ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་ཏུ་ཁོང་གི་ཡང་སྲིད་མུ་མཐུད་ཕེབས་རྒྱུ་ཡིན་ནའང་། རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འཁྲུངས་རྒྱུ་མ་ཟད། དགའ་ལྡན་ཕོ་བྲང་གི་འགན་གཙོ་བོ་འཁུར་དགོས་སྐོར་གསལ་བསྒྲགས་གནང་ཡོད་སྐོར་བཅས་འགྲེལ་བརྗོད་གནང་། དེས་ན་ཁོང་གིས་རྒྱ་གར་གཞུང་གིས་ཀྱང་མ་འོངས་པར་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་གནང་དགོས་སྐོར་འབོད་སྐུལ་གནང་།
དེ་ནས་ཁོང་གིས་ང་ཚོ་མིའི་རིགས་ཀྱི་སྤྱི་ཚོགས་ནས་ཅིས་ཀྱང་ཏཱ་ལའི་བླ་མའི་དགོངས་པ་དང་ལྟ་གྲུབ་སོགས་ལ་སློབ་སྦྱོང་བྱེད་དགོས་པ་ནི་འཛམ་གླིང་འདི་ཞི་བདེ་ཡོང་པར་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་། མཐར་མཐོ་སློབ་ཀྱི་ལས་སྣེ་ཚོས་ཁོང་ལ་ཆེ་བསྟོད་ཀྱི་གཟེངས་བསྟོད་ཕུལ་པ་་དང་བཅས་ལས་རིམ་དེ་ཉིད་རྒྱལ་ཁ་ངང་མཇུག་སྒྲིལ།
