༢༠༢༦་ཟླ་༣ཚེས་༢༤ཉིན། ༡༠༨ཞི་བདེ་ལྟེ་གནས་དང་Sikkim གཙུག་ལག་སློབ་གཉེར་ཁང་གཉིས་ཉམས་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཞེས་པའི་གཏམ་བཤས་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་རིམ་དེའི་ཐོག་༡༠༨ཞི་བདེ་ལྟེ་གནས་ཀྱི་ཉམས་ཞིབ་པ་ཡེ་ཤེས་ཟླ་བ་ཆེད་དུ་ཚོགས་ཕེབས་གནང་ཡོད་པ་རེད།

མཐོ་སློབ་ཀྱི་དགེ་སློབ་ཚང་མས་བོད་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དོ་སྣང་གནང་གི་ཡོད་པ་དང་། ཡེ་ཤེས་ཟླ་བ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་མདོ་བསྡུས་ཤིག་ངོ་སྤྲོད་གནང་པ་དང་། ༧མགོན་པོ་གང་གིས་ད་བར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཐད་ཇི་ལྟར་འབད་བརྩོན་གནང་སྐོར་འགྲེལ་བརྗོད་གནང་། དེ་ནས་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནཱ་ལེན་ཊའི་སློབ་དཔོན་དག་ནི་ཁོང་གི་དགེ་རྒན་ཡིན་སྐོར་གསུང་གི་ཡོད་ལུགས་གསུང་པ་མ་ཟད། བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ནི་དེ་སྔ་བོད་བཙན་པོའི་དུས་ནས་ཡོང་པ་དང་། བོད་ཀྱི་ཡིག་གེ་རྒྱ་གར་གྱི་ཡིག་གེ་ལ་དཔེ་བླངས་ནས་བཟོས་ཡོད་པ་དང་། བོད་ཀྱི་ནང་པའི་ཆོས་ལུགས་ཀྱང་རྒྱ་གར་ནས་དར་བ་ཞིག་ཡིན་པ་མ་ཚད། བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་མང་པོ་ཞིག་རྒྱ་གར་ནས་ཡོང་བ་ཡིན་དུས། བོད་དང་རྒྱ་གར་གཉིས་འབྲེལ་ལམ་ཟབ་མོ་ཡོད་པ་ཞིག་རེད་གསུང་།

ཡེ་ཤེས་ཟླ་བ་ལགས་ཀྱིས་གསུང་དོན། ༡༩༥༩ལོ་རྒྱ་ནག་གིས་བོད་དེ་དྲག་པོས་བཙན་བཟུང་བྱས་པ་དང་། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ཡོད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་ཏེ་གཟིགས་རྟོག་ལེགས་པོ་གནང་ཡོད་སྐོར་གསུང་། དེས་ནས་ཁོང་གིས་༡༩༥༧ལོ་རྒྱ་གར་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གཟེངས་བསྟོད་ཐོབ་པ་དང་པོ་དེ་ཆགས་ཡོད་སྐོར་གསུང་།
མཐར་ཡེ་ཤེས་ཟླ་བ་ལགས་ཀྱིས་འབོད་སྐུལ་ཞུ་དོན་ལ། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ནི་རྒྱ་གར་དང་འབྲེལ་བ་དམ་ཟབ་ཡིན་པ་ཞིག་ཡིན་པས། རྒྱ་གར་གཞུང་དམངས་གཉིས་ནས་ཅིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས་ཡོད་པ་དང་། དེ་དང་མཉམ་དུ་ཁོང་གིས་མུ་མཐུད། དེང་སང་རྒྱ་ནག་གཞུང་གིས་༧རྒྱལ་བའི་ཡང་སྲིད་སྐོར་དོ་སྣང་དང་འཆར་གཞི་ཆེན་པོ་བཏིང་གི་ཡོད་པས། རྒྱ་གར་གཞུང་དམངས་གཉིས་ནས་མ་འོངས་པར་༧གོང་ས་མཆོག་གི་ཐུགས་འདོད་ལྟར་དགའ་ལྡན་ཕོ་བྲང་གི་ཐུགས་འགན་བཞེས་ཐོག་ངོས་འཛིན་བྱེད་པའི་ཡང་སྲིད་ལ་རྒྱབ་སྐྱོར་དང་ངོས་འཛིན་བྱེད་དགོས་སྐོར་བཅས་ཀྱི་ཐད་འབོད་སྐུལ་མནན་པོ་གནང་།
ཁོང་གིས་དགེ་སློབ་རྣམས་པའི་དྲི་བ་དག་ལ་ལེན་འདེབས་ཞུས་རྗེས་། མཐོ་སློབ་ཀྱི་ལས་སྣེ་ཚོས་ཁོང་ལ་ཆེ་བསྟོད་ཀྱི་ལག་བསྟར་ཕུལ་པ་དང་ལས་རིམ་རྒྱལ་ཁ་ངང་མཇུག་སྒྲིལ།
