ཨི་རིན་གཏོར་རྒོལ་ལས་བྱུང་བའི་རྒྱལ་སྤྱིའི་གནས་བབས།

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
འདས་པའི་ལོ་ཤས་རིང་།ཨི་ཟི་རུས་གྷ་ཛཱ་ལུང་པར་གཏོར་རྒོལ་བྱས་པ་དང་།དེ་ནས་ཨ་རིའི་སྲིད་འཛིན་ཌོ་ནོམ་ཁྲོམ་གྱིས་ཀར་ཀོར་འདྲ་མིན་བཤད་ནས་དམག་རྒོལ་ཞི་འཇགས་ཡོང་ཐོབ་ལ་འབད་བརྩོན་བྱེད་པའི་ཁུལ་གྱིས་འཛམ་གླིང་ཡོངས་ལ་ཨ་རི་སྲིད་འཛིན་ཌོ་ནོམ་ཁྲོམ་ནི་ཞི་བདེ་ལ་དགའ་ཞིང་འཛམ་གླིང་ཡོངས་ཀྱི་དམག་རྒོལ་རྣམས་ཞི་འཇགས་བྱེད་མཁན་གྱི་དཔའ་བོ་ལྟ་བུའི་སྣང་བརྙན་བསྐྲུན་ཏེ།འཛམ་གླིང་ཞི་བདེའི་གཟེངས་རྟགས་རག་ཐབས་བྱས་པ་རེད་མོད།མཐར་ཁྲོམ་གྱིས་ཁ་གཡང་ཇི་ལྟར་བསྒྲོགས་མིན་ལ་མ་བལྟོས་པར།ནོར་ཝེ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་དང་འབྲེལ་ཡོད་ཚོས་ཁྲོམ་ལ་ཞི་བདེ་གཟེངས་རྟགས་ཐོབ་རན་ཡོད་པ་ཞིག་ལ་ངོས་འཛིན་བྱས་མེད་པ་རེད།དེ་ལས་ལྡོག་ཏེ་ཝེ་ནིན་ཛའུ་ལའི་རྒྱལ་ཁབ་ཀྱི་བུད་མེད་འཐབ་རྩོད་པ་ཞིག་ལ་ཞི་བདེའི་གཟེངས་རྟགས་དེ་སྤྲད་པ་རེད།བུད་མེད་དེ་ཞེད་ཐག་ཆོད་ནས་གཟེངས་རྟགས་དེ་ཉིད་ཨ་རིའི་སྲིད་འཛིན་ལ་བསྔོ་བའི་ཚུལ་དུ་འབུལ་རྒྱུ་ཡིན་ལུགས་བཤད་པ་མ་ཟད།རྣམ་པ་འདྲ་མིན་ཐོག་ཌོ་ནོམ་ཁྲོམ་སྤྲེལ་ལད་འཁྲབ་པ་རེད།མོ་རང་གིས་ཇི་ལྟར་གནང་ནའང་ཌོ་ནོམ་ཁྲོམ་གྱིས་འདོད་བློ་ཚིམས་པའི་རྣམ་འགྱུར་ཞིག་མ་སྟོན་པས།མཐར་ཨ་རིར་སོང་ནས་གཟེངས་རྟགས་དེ་ཁྲོམ་ལ་སྤྲད་པ་རེད།དེ་ནི་ལོ་རྒྱུས་ནང་ཞི་བདེ་གཟེངས་རྟགས་ཀྱི་ཆེ་མཐོང་ལ་རྡོག་པས་བརྫིས་པའི་ལེའུ་ཞིག་ཏུ་གྱུར།
ཌོ་ནོམ་ཁྲོམ་ལ་ཞི་བདེའི་གཟེངས་རྟགས་མ་རག་པས།ཁོང་གིས་དམག་རྒོལ་གྱི་ལས་ལ་བརྩོན་འགོ་བརྩམས་པ་དང་།འཛམ་གླིང་ཁྱོན་ཡོངས་ལ་ཁྲལ་བབས་མཐོ་རུ་བཏང་ཏེ་དཔལ་འབྱོར་ཁྲོམ་རའི་ནང་གྲང་དམག་གི་ལེའུ་བརྩམས།དེའི་རྗེས་ཝེ་ནིན་ཛའུ་ལའི་སྲིད་འཛིན་ཉལ་ས་ནས་བཙན་ཁྲིད་བྱས་ནས་འཛམ་གླིང་ཁྱོན་ཡོངས་ལ་སྟོབས་ཤུགས་ཀྱིས་སྒེར་གཅོད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་ཞིག་བསྐྲུན་པས།རྒྱལ་སྤྱིའི་ཁྲིམས་ལུགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་ནི་ཤོག་བུའི་ཐོག་གི་སྟག་གཟུགས་ནང་བཞིན།ལྟ་རྒྱུ་ཙམ་ལས་ནུས་པ་གང་ཡང་མེད་པར་ར་སྤྲོད་བྱས་པ་རེད།གང་ལྟར་འཛམ་གླིང་ཡོངས་ཀྱིས་ཨ་རིའི་གཞུང་ལ་མ་འདོད་བཞིན་དུ་བསྟུན་གང་མཁས་མ་བྱེད་ཐབས་མེད་གྱུར།མཚམས་དེར་ཨ་རིའི་སྲིད་འཛིན་གྱིས་སོ་སོ་གྲགས་ཐོག་སྡོད་དེ་ཚོད་འཛིན་བྱེད་ཡོད་ན།ཨ་རི་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་ཐུབ་པ་མ་ཚད།སོ་སོའི་དགོས་འདོད་ཀྱང་གྲུབ་ཐུབ་པ་བྱུང་ཡོད།ཡིན་ནའང་།དབང་ཤུགས་ལ་འདོད་རྔམས་ཆེ་བའི་ཨ་རིའི་སྲིད་འཛིན་གྱིས་ཝེ་ནིན་ཛའུ་ལ་རྒྱལ་ཁབ་ཀྱི་མགོ་བཏགས་ཞུས་ལུགས་དེ་མཐོང་རྗེས།ཨི་རིན་གྱི་དབང་ཆ་ཆེ་ཤོས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དེ་གསོད་གྱུར་ན།ཁོ་ཚོའང་ཆ་རྐྱེན་གང་ཡང་མེད་པའི་ཐོག་མགོ་བཏགས་ཞུ་རྒྱུ་ཡིན་ཤག་གི་འཕྲུལ་སྣང་དེས།གློ་བུར་དུ་ཨི་ཟི་རུས་རྒྱལ་ཁབ་དང་ལག་སྒྲེལ་གྱིས་ཨི་རིན་ལ་གཏོར་རྒོལ་བྱེད་རྒྱུ་འགོ་བརྩམས།བསམ་ཡུལ་ལས་འདས་པ་ནི།ཨི་རིན་གཞུང་ནི་ཇེ་རྒོལ་དང་ཇེ་ངར་སོང་པ་ལས།ཨ་རིའི་གཞུང་ལ་མགོ་བཏགས་ཞུ་རྒྱུའི་གྲ་སྒྲིག་གང་ཡང་མེད་པ་རེད།ད་བར་ཨ་རིའི་གཞུང་ལ་ཨ་སྒོར་ཐེ་འབུམ་བརྒྱ་ཕྲག་ཁ་ཤས་ཀྱིས་གྱོང་གུད་བཟོས་པ་དང་།ཨ་རིའི་གཞུང་གི་ཆེ་མཐོང་དང་མཚན་སྙན་ལའང་གྱོང་གུད་ཆེན་པོ་ཕོག་ཡོད་པ་རེད།དེ་ཙམ་མ་ཟད།ཨི་རིན་ལ་དམག་རྒོལ་བྱེད་པ་དེས་ཨ་རིའི་གཞུང་ལ་དགྲ་བོའང་མང་དུ་སོང་ཡོད་པ་སྨོས་མེད་རེད།
ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་རྡོ་སྣུམ་དང་ས་སྣུམ་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་བསྟུན།ཟས་གོང་ཡང་སྔ་ལྷག་ཇེ་ཆེར་སོང་ཡོད་པས།མི་དམངས་རྣམས་ཀྱི་འཚོ་སྡོད་ལ་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད།ད་ཆ་འཛམ་གླིང་མི་དམངས་ཕལ་ཆེས་ཨ་རིའི་གཞུང་ལ་འཁང་ར་བྱེད་ཀྱི་ཡོད་པ་དང་།ཌོ་ནོམ་ཁྲོམ་ལ་ཁ་བརྡུང་གཏོང་གི་ཡོད་པ་རེད།གནས་སྟངས་དེའི་འོག།ཌོ་ནོམ་ཁྲོམ་གྱིས་རྒྱ་ནག་གཙོས་རྒྱལ་ཁབ་མང་པོར་རོགས་སྐྱོར་སློང་ཏེ་ཨི་རིན་གྱི་སྣུམ་ལམ་སངས་ཐབས་བྱེད་དགོས་པའི་རེ་བསྐུལ་དུ་མ་ཞུས་ནའང་།རྒྱལ་ཁབ་ཅིག་གིས་ཀྱང་ཨ་རིའི་གཞུང་གི་རེ་སྐུལ་ལྟར་ཁས་ལེན་བྱེད་མེད་པ་རེད།ད་ལྟའི་ཆ།ཨ་རི་དང་ཨི་ཟི་རུ་ནི་ཁེར་རྐྱང་དུ་ལུས་པའི་འཐབ་གྲོགས་ཡིན་པ་དང་།ཡུན་རིང་མི་འགོར་པར་ཌོ་ནོམ་ཁྲོམ་གྱིས་ཨི་ཟི་རུ་ལ་འཁང་རའང་བྱེད་སྲིད་པ་རེད།
ཁེ་ན་ཊ་དང་ནོར་ཝེ་གཙོས་རྒྱལ་ཁབ་མང་པོས་ཀྱང་ཨ་རིའི་གཞུང་ལ་ཡིད་ཆེས་རླག་ཏེ་ཡར་ཐོན་རྒྱལ་ཁབ་ཀྱི་རུ་ཚོགས་གསར་པ་ཞིག་བཙུགས་པའི་བསམ་བློ་འཁོར་གྱི་ཡོད་པ་དང་།ཁོང་ཚོས་དེ་སྔ་ལྟར་ཨ་རིས་དབང་བསྒྱུར་བྱེད་པའི་འཛམ་གླིང་གི་སྒྲོམ་གཞི་དེ་ལས་འཕོ་འགྱུར་གཏོང་འདོད་ཀྱི་གྲོས་འགོ་ཐོན་ཟིན་པ་རེད།ད་ལྟའི་ཆ།རྒྱ་ནག་ལ་གྲོགས་འབྲེལ་བྱེད་མཁན་དང་བྱེད་འདོད་ཡོད་མཁན་གྱི་རྒྱལ་ཁབ་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་།གནས་སྟངས་དེའི་འོག།ཐེ་ཝེན་དང་བོད་ཀྱི་གནས་སྟངས་དེའང་སྔ་དང་མི་འདྲ་བར།འགྱུར་བ་ཆེན་པོ་འགྲོ་གི་ཡོད་ལ།ཐེ་ཝེན་དང་བོད་ཀྱི་གནས་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེའང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད།འདི་ལྟ་བུའི་གནས་བབས་འོག།བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ནུས་པ།ད་དུང་བོད་མི་སྒྲིག་འཛུགས་ཀྱི་མ་འོངས་གནས་བབས་སོགས་ཀྱང་ཤེས་ཚོད་མི་ཐིག་པའི་གནས་སུ་གྱར།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།