“ལྔ།ལྔ།ལྔ།”

(སྲིད་ཟུར་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ནོར་ཝེ་Osloརང་དབང་འདུ་འཛོམས་ཐོག་གནང་བའི་གསུང་བཤད།)
ཞོགས་པ་བདེ་ལེགས།
ང་ལ་སྐར་མ་ལྔ་ཡོད།ངས་བརྙན་ཤོག་ལྔ་སྟོན་ནས་གནད་དོན་ལྔ་སྐོར་བཤད་ཀྱི་ཡིན།མང་གཙོའི་ཉམས་རྒུད་འགྲོ་བཞིན་པ།འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ང་ཚོས་མང་གཙོའི་ཉམས་རྒུད་སྐོར་བཤད་བསྡད་པ་རེད།ཡོང་རྒྱུ་བསྡད་པའི་ཉིན་གསུམ་རིང་།ང་ཚོས་མུ་མཐུད་གནད་དོན་དེའི་སྐོར་གླེང་མོལ་བྱེད་ཀྱི་ཡོད།འདས་པའི་ལོ་ངོ་ཉི་ཤུའི་ནང་།འཛམ་གླིང་ཐོག་མང་གཙོའི་སྲིད་གཞུང་རྣམས་སྒེར་གཅོད་ཀྱི་སྒྲོམ་གཞིས་བཟུང་བའི་གནས་སྟངས་ནི་ཇེ་མང་ཡིན་པར་ང་ཚོ་ཚང་མས་ཁས་ལེན་གྱི་ཡོད།
འོན་ཀྱང་ཁ་རྐྱེངས་དགོས་པ་ཞིག་ནི།ཚོགས་ཁང་འདིའི་ནང་ཡོད་པའི་རྣམ་པ་ཚོ་བརྩིས་པའི་ཚོགས་པ་བརྒྱ་ཕྲག་ནས་སྟོང་ཕྲག་མང་པོས་ད་བར་མང་གཙོ་སྲ་བརྟན་དང་གོང་འཕེལ་ལ་ཕྱག་ལས་གནང་གི་ཡོད་ཟེར་གྱི་ཡོད།འཛམ་གླིང་ནང་གི་མཁས་པ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོས་མང་གཙོའི་སྲ་བརྟན་གོང་འཕེལ་ཆེད་དེབ་དང་དཔྱད་རྩོམ་མང་པོ་སྤེལ་དང་སྤེལ་མུས་རེད།དེའི་ནང་ང་རང་ཡང་ཚུད་ཡོད།མ་ཚད།ད་བར་ཨ་སྒོར་ཐེ་འབུམ་མང་པོ་གནད་དོན་དེའི་ཆེད་བཏང་ཟིན་པ་རེད་མོད།མཐའ་མར་ང་ཚོ་ལ་ཐོབ་པ་ནི་ཕམ་ཁ་རེད།
རྒྱུ་མཚན་གང་ཡིན་ཟེར་ན།ང་ཚོས་དབང་བསྒྱུར་སྲིད་གཞུང་རྩ་མེད་གཏོང་དགོས་སྐོར་གྱི་བསམ་བློ་འཁོར་བ་ལས།སྲིད་གཞུང་དེའི་ཚབ་ཏུ་ག་རེ་འཛུགས་དགོས་མིན་ཐད་སྣང་ཆུང་ཕྱིན་པ་རེད།ཐེངས་འདིའི་འདུ་འཛོམས་ཀྱི་ཁ་དབྱངས་ནི་དབང་བསྒྱུར་ལམ་ལུགས་གཏོར་བཤིག་ཅེས་པ་དེ་རེད།འདས་པའི་ལོ་ངོ་ཉི་ཤུའི་ནང་ང་ཚོས་དབང་བསྒྱུར་བ་མང་པོ་སྲིད་དབང་ནས་མར་ཕབ་ཡོད་པ་དང་།
ང་ཚོར་དབང་བསྒྱུར་ལམ་ལུགས་གཏོར་བཤིག་བྱེད་སྟངས་སློབ་ཀྱི་ཡོད་ཀྱང་།དེའི་ཚབ་ཏུ་ག་རེ་འཛུགས་དགོས་མིན་སློབ་ཀྱི་མེད།ཨེ་ཇིབ་ནས་ཏུ་ནི་ཤི་ཡ།ལི་བི་ཡ།ཨི་རག་དང་།ཉེ་ཆར་སི་རི་ཡ་བར་ང་ཚོས་དབང་བསྒྱུར་བ་མང་པོ་མར་ཕབ་ཡོད་མོད།སུ་དང་སུ་ཁོང་ཚོའི་ཚབ་ལ་སླེབས་ཡོད་དམ།ཨེ་ཇིབ་ནང་ཧོས་ནི་མུ་བ་རག་གི་ཚབ་ཏུ་དམག་སྤྱི་ཨལ་སི་སི་སླེབས།མི་དམངས་མང་པོས་ཁོང་ནི་དེ་སྔའི་སྲིད་འཛིན་ལས་ཀྱང་སྡུག་རྩུབ་ཆེ་བ་འདུག་ཟེར་གྱི་ཡོད།ཏུ་ནི་ཤི་ཡར་བེན་ཨ་ལིའི་ཚབ་ཏུ་ས་ཨིད་སླེབས།མི་མང་པོས་དེ་ཡང་སྔོན་མ་ལས་སྡུག་རྩུབ་ཆེ་བ་འདུག་ཟེར།ཉེ་བའི་ལོ་ཤས་ནང་།ཤྲི་ལངྐ་དང་བངྒ་ལ་དེ་ཤར་ནང་གི་དབང་བསྒྱུར་བ་རྣམས་སྲིད་དབང་ནས་མར་ཕབ་པ་རེད།འོན་ཀྱང་གསར་ཏུ་འཛུགས་པའི་སྲིད་གཞུང་ནང་།ཤྲི་ལངྐའི་གཞུང་ནང་གཞོན་སྐྱེས་འཐབ་རྩོད་པ་གཅིག་ཀྱང་སླེབས་མེད་པ་རེད།བངྒ་ལ་དེ་ཤར་ནང་ལའང་གཞོན་སྐྱེས་འཐབ་རྩོད་བ་དྲུག་ཙམ་ལས་འོས་ཐོབ་པ་བྱུང་མེད།དེ་ལས་ཀྱང་གྲོས་ཚོགས་ནང་མང་མོས་ཆེན་པོ་ཐོབ་མཁན་སུ་རེད།སྔར་ཡོད་ཆབ་སྲིད་ཚོགས་པ་རྙིང་པ་དེ་ཚོ་རེད།
ག་རེ་བྱས་ནས་དེ་ལྟར་བྱུང་པ་རེད།རྒྱུ་མཚན་ནི།ང་ཚོ་ཚང་མ་ལས་འགུལ་བ་དང་འཐབ་རྩོད་པའི་ངོ་བོ་ནས་ངོ་རྒོལ་བྱེད་སྟངས་སློབ་ཀྱི་ཡོད་པ་ལས།འཛིན་སྐྱོང་དང་དོ་དམ་བྱེད་སྟངས་སློབ་ཀྱི་མེད་པ་དེ་རེད།རྒྱུ་མཚན་དེའི་དབང་གིས་གཅིག་གི་ཚབ་ལ་སུ་བསྐོ་དགོས་མིན་ཐད་ཤེས་རྟོགས་མ་བྱུང་པ་རེད།མང་གཙོའི་འདོད་བབས་ཡོད་པའི་གཞུང་གསར་པ་མཁོ་སྒྲུབ་བྱེད་དོན་ཐད་མཁྱེན་རྒྱ་མ་བྱུང་པ་རེད་།འོས་བསྡུའི་ལས་རིམ་གྱི་ཇུས་འགོད་ནས་རྒྱལ་ཁ་ཐོབ་སྟངས་སྐོར་ཉམས་མྱོང་བསགས་མེད་པ་རེད།གོ་རྟོགས་བྱུང་མེད་པ་རེད།
དེའི་ཕྱིར་ཚོགས་ཁང་འདིའི་ནང་ཡོད་པ་ཚང་མར་ངའི་འབོད་སྐུལ་ནི།བཙན་བྱོལ་གཞུང་འཛུགས་དགོས།བཙན་བྱོལ་གཞུང་སྐྱོང་དགོས།བཙན་བྱོལ་གཞུང་སྐྱོང་བའི་ཉམས་མྱོང་བསགས་དགོས།གལ་ཏེ་བཙན་བྱོལ་ནང་ཆབ་སྲིད་ཚོགས་པ་འཛུགས་ཐུབ་ན།རང་ཡུལ་མི་མང་ལ་ང་ཚོར་གདམ་ག་གསར་པ་ཡོད།དེ་ལས་ལེགས་པའི་གདམ་ག་ཡོད་ཅེས་དཔེ་སྟོན་གནང་ཐུབ།དེས་ན་མི་དམངས་ཀྱིས་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་རེད་ལ།ཁྱེད་རང་ཚོ་ལའང་དབང་བསྒྱུར་ལམ་ལུགས་བརྗེ་པོ་བརྒྱབ་པའི་ཐབས་ལམ་ཡོད་པ་རེད།གཏམ་བཟང་ཞིག་ནི།འདི་ལྟ་བུའི་རྒྱལ་ཁ་ཐོབ་རྒྱུ་ཡོད་པ་ལ།ལོ་རྒྱུས་ཀྱིས་ང་ཚོ་ལ་བདེན་དཔང་བྱེད་ཐུབ་།དཔེར་ན།སི་པན་གྱི་བཙན་བྱོལ་གཞུང་།པོ་ལན་ཌིའི་བཙན་བྱོལ་གཞུང་།བལ་ཊིག་གི་སྐུ་ཚབ་ཁང་ཚོས་མང་གཙོ་སླར་གསོ་བྱེད་པར་གལ་ཆེའི་ནུས་པ་བཏོན་ཡོད།མཐར་རྒྱལ་ཁ་ཐོབ་ཡོད།དཔེར་ན་ཧྥི་ལི་པིང་ལ་མཚོན་ན།འཛམ་གླིང་དམག་ཆེན་གཉིས་པའི་སྐབས།ཧྤི་ལི་པིང་གི་བཙན་བྱོལ་གཞུང་དེ་ཨ་རི་ཝ་ཤིན་ཊོན་ལ་འཛུགས་པ་རེད།རྗེས་སུ་ཁོང་ཚོས་དབང་བསྒྱུར་བ་རྣམས་སྲིད་དབང་ནས་མར་ཕབ་ཏེ་སོ་སོའི་རྒྱལ་ཁབ་ལ་ལོག་ཐུབ་པ་བྱུང་ཡོད།ཞུས་ཙང་།དེ་སྔ་ང་ཚོར་རྒྱལ་ཁ་ཐོབ་མྱོང་ལ།མ་འོངས་པ་ལའང་རྒྱལ་ཁ་འཐོབ་ཐུབ་ཀྱི་རེད།དུས་མཚུངས་སུ།ཆབ་སྲིད་ཀྱི་གནས་སྟངས་ནས་བཤད་ན།ན་མི་བི་ཡ།ཝེ་ནེ་ཛུ་ཨེ་ལ།ལྷོ་ཨ་ཕྲི་ཀ།དང་ཨང་གོ་ལ་ལྟ་བུའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ཚོགས་པ་དེ་དག་ཀྱང་རྒྱལ་ཁབ་ཕྱི་ལོག་ལ་བཙན་བྱོལ་གྱི་ངོ་བོའི་ཐོག་བཙུགས་པ་རེད།རྗེས་སུ་ཁོང་ཚོ་སོ་སོའི་རྒྱལ་ཁབ་ལ་ཕྱིར་ལོག་གནང་ཏེ་འོས་བསྡུའི་ནང་ཆ་ཤས་ལེན།དེ་ནས་རྒྱལ་ཁ་ཐོབ་ཏེ་སྲིད་དབང་སྒེར་གཅོད་པ་རྣམས་མགོ་རྟིང་ལོག་ཏེ་རང་ཉིད་ཀྱི་རྒྱལ་ཁབ་འཛིན་སྐྱོང་གནང་ཐུབ་པ་བྱུང་ཡོད།ང་ཚོས་དེ་སྔ་བསྒྲུབས་ཟིན་པ་ཡིན་པས།ང་ཚོས་སླར་ཡང་དེ་ལྟར་བསྒྲུབ་ཐུབ་ཀྱི་རེད།
ད་གནས་དོན་བཞི་པ་དེ་རེད།འདིའི་སྐོར་རྩོད་རྙོག་ཏོག་ཙམ་ཡོད་སྲིད་ནའང་།འདི་ནི་ངས་མི་ལོ་གསུམ་བཅུའི་རིང་ཉམས་ཞིབ་དང་ཉམས་མྱོང་བསགས་པའི་གྲུབ་དོན་ཞིག་ཡིན།འདི་ནི་ངས་འཛམ་གླིང་ནང་གི་བཙན་བྱོལ་བ་རྣམས་ཀྱི་ཚོགས་སྡེ་ལ་འཇོག་བའི་ལེགས་སྐྱེས་ཤིག་ཀྱང་ཡིན།བསམ་ཚུལ་འདི་དག་ནི་ངས་ལོ་མང་རིང་ཉམས་མྱོང་བསགས་པ་དང་ངའི་ཤེས་ཡོན་གྱི་བརྒྱུད་རིམ་ནས་བྱུང་བ་ཡིན་པ་མ་ཟད།ངའི་དངོས་བྱུང་གི་ཉམས་མྱོང་ནང་བཙན་བྱོལ་སྲིད་གཞུང་འཛིན་སྐྱོང་ཡང་བྱས་མྱོང་།
སྲིད་དབང་སྒེར་གཅོད་པ་རྣམས་ཀྱི་ཐབས་ཇུས་ག་རེ་རེད།ཁོང་ཚོའི་ཐབས་ཇུས་ནི་མི་དམངས་ནང་ཁུལ་ཤོག་ཁག་བཟོས་སྟེ་སྟངས་འཛིན་བྱེད་པ་རེད།འོ་ན།ང་ཚོའི་ཐབས་ཇུས་ག་རེ་ཡིན་དགོས་སམ།ང་ཚོའི་ཐབས་ཇུས་ནི་ཆིག་སྒྲིལ་དང་འཐབ་རྩོད་རེད།ང་ཚོའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ཆིག་སྒྲིལ་བྱེད་དགོས་ཀྱི་ཡོད།མི་དམངས་ལ་ང་ཚོས་ནང་སྲིད་དང་དཔལ་འབྱོར།ཕྱི་འབྲེལ་དང་ཐོན་སྐྱེས་ལྷན་ཁང་བཅས་ཚང་མ་སྟངས་འཛིན་འཛིན་སྐྱོང་བྱེད་ཐུབ་པར་ར་སྤྲོད་བྱེད་དགོས་ཀྱི་ཡོད།དེ་ནས་མུ་མཐུད།ང་ཚོས་འོས་བསྡུའི་སྒྲོམ་གཞི་གསར་འཛུགས་ཐུབ་པ་དང་འོས་བསྡུའི་ལས་རིམ་ནང་རྒྱལ་ཁ་ཐོབ་ཐུབ་པའང་ར་སྤྲོད་བྱེད་དགོས།ཡིན་ནའང་འདི་དག་གི་སྔོན་འགྲོའི་ཆ་རྐྱེན་ནི།ང་ཚོར་ངེས་པར་ཏུ་སྒྲིག་འཛུགས་སམ་ཆབ་སྲིད་ཚོགས་པའི་ངོ་བོའི་ཐོག་ཆིག་སྒྲིལ་ཡོང་པ་བྱེད་དགོས།དེ་ནས་ང་ཚོས་ཨི་རན་དང་།ཝེ་ནེ་ཛུ་ཨེ་ལ་ལྟ་བུའི་རྒྱལ་ཁབ་ཀྱི་མི་དམངས་ལ་འཕྲིན་ལན་གཅིག་སྤྲོད་དགོས།དེ་ནི་“ང་ཚོར་གྲ་སྒྲིག་ཡོད།”ཅེས་པ་དེ་རེད།ཨི་རན་དང་ཝེ་ནེ་ཛུ་ཨེ་ལའི་མི་དམངས་ཀྱིས་ད་གཟོད་ང་ཚོ་ལ་རྒྱབ་སྐྱོར་བྱེད་ངེས་རེད།གང་ཡིན་ཟེར་ན།ཁོང་ཚོས་དངོས་སུ་མང་གཙོའི་སྟོབས་ཤུགས་དེ་མཐོང་ཐུབ།གལ་སྲིད་ཁྱེད་རྣམ་པས་སྒེར་གཅོད་རིང་ལུགས་ལ་ཚབ་ཞིག་འཚོལ་བཞིན་ཡོད་ན།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་འདིའི་སྒང་གསོན་ཤུགས་ལྡན་ཤོས།མ་ལག་ཚང་ཤོས།མུ་མཐུད་གནས་བཞིན་པའི་བཙན་བྱོལ་སྐྱོབ་བཅོལ་སྒྲིག་འཛུགས་ཤིག་ཡིན།ང་ཚོ་ལ་བཀའ་ཤག་ཡོད།གྲོས་ཚོགས་ཡོད།ཁྲིམས་ཞིབ་ཁང་ཡོད།ང་ཚོ་ལ་སོ་སོའི་ཕྱི་འབྲེལ་གྱི་ལྷན་ཁང་ཡོད།ང་ཚོས་སོ་སོའི་སློབ་གྲྭ་དང་སྨན་ཁང་བཅས་འཛིན་སྐྱོང་བྱེད་བཞིན་ཡོད།བོད་པའི་ནང་ཁུལ་འགལ་ཟླ་དང་བསམ་ཚུལ་མི་མཐུན་པ་ཡོད་རེད་དམ་མ་རེད་ཟེར་ན།ཡོད་དང་ཡོད་ཞུ་རྒྱུ་ཡིན།ཡིན་ནའང་།ང་ཚོ་ཚང་མས་བོད་མིའི་སྒྲིག་འཛུགས་གཅིག་མ་གཏོག་མེད་པ་དང་།བོད་མི་དམངས་གྲོས་ཚོགས་གཅིག་ལས་མེད་པ་དེ་སྤྱི་མོས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་པ་རེད།ཆིག་སྒྲིལ་ནང་གི་སྣ་འཛོམ་རང་བཞིན་ནི་མང་གཙོའི་ལྟ་གྲུབ་ཀྱི་ཁྱད་ཆོས་ཡིན།རེད།རྒྱུད་རིམ་འདིའི་ནང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་པོ་ཡོད་རེད།དོན་དངོས་ཐོག།དཀའ་ངལ་ཆེན་པོ་བཅུ་ཡོད།ངས་དེང་སང་དེབ་ཞིག་འབྲི་བཞིན་ཡོད།དཀལ་ངལ་གྱི་གནས་དོན་འདི་དག་དེབ་དེའི་ནང་བྲིས་ཡོད།ལོ་རྗེས་མར་འདུ་འཛོམས་གོ་སྒྲིག་པ་ཚོས་ང་ལ་སྐར་མ་བཅུ་གནང་པའི་རེ་བ་ཡོད།དེས་ནས་ངས་ཁྱེད་རང་ཚོ་ལ་གདོང་ལེན་དགོས་པའི་དཀའ་ངལ་བཅུ་དེ་འགྲེལ་བརྗོད་བྱེད་ཆོག།ཡིན་ནའང་ད་ལྟ།ངའི་སྐར་མ་ལྔ་དེ་རྫོགས་སོང་།དུས་ཡུན་སྐར་མ་ལྔའི་ནང།ངས་ཁྱེད་རང་ཚོ་ལ་བརྙན་ཤོག་ལྔ་སྟོན་ནས་གནད་དོན་ལྔ་སྐོར་བཤད་པ་ཡིན།མཐའ་དོན་དེར།ངས་རྣམ་པ་ཚོར་བརྡ་འཕྲིན་ཞིག་འཇོག་ཆོག་པར་གྱིས།སྒེར་གཅོད་པ་རྣམས་མགོ་རྟིང་ལོག་པ་ཙམ་མིན་པར།ཁོ་ཚོའི་ཚབ་ལ་སུ་ཞིག་བསྐོ་དགོས་མིན་ཐད་གྲ་སྒྲིག་དགོས་པ་རེད།སོ་སོར་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་པ་རེད།སྒེར་གཅོད་དང་དབང་བསྒྱུར་ཤོག་ཁག་གི་ཚབ་ཏུ་དེ་ལས་བཟང་བ་ཞིག་བསྐོ་ཐབས་ལ་འཆར་གཞི་དང་ཐབས་ཇུས་བསྐྲུན་དགོས་ཀྱི་ཡོད།ཁྱེད་རང་ཚོས་ནོར་འཁྲུལ་ལ་ཁ་གཏད་བཅག་དགོས་ནའང།དེ་བས་གལ་ཆེ་བ་ནི་མ་འོངས་པར་ནོར་འཁྲུལ་མི་ཡོང་བའི་གནས་བབ་ཞིག་ངེར་པར་ཏུ་བསྐྲུན་པར་གྲ་སྒྲིག་བྱེད་དགོས། ཚང་མ་ལ་བཀྲ་ཤིས་སྨོན་འདུན་ཞུ། ཐུགས་རྗེ་ཆེ།
རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན།