རྒྱ་གར་གཞུང་གིས་བོད་དོན་ལ་དེ་སྔ་དང་མི་འདྲ་བའི་ལམ་ཕྱོགས་ཤིག་མ་བཟུང་རང་བཟུང་ཆགས་རྒྱུ་རེད།

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
པར་རིས་འདི་ནི་ལོ་འདིའི་ཟླ་༨ཚེས་༣༡ཉིན་རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིང་ལ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཚོགས་འདུའི་སྐབས་སུ་རེད།པར་རིས་འདིས་འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་དང་སྲིད་ཇུས་ནང་འབྲུག་ལྟར་གྲགས་བའི་གླེང་གཞི་ཞིག་ཀྱང་བསྐྲུན་དང་སྐྲུན་མུས་རེད།ཧྲང་ཧེ་མཉམ་འབྲེལ་ཚོགས་པ་ཟེར་བ་དེ་ནི་རྒྱ་དཀར་ནག་གཙོས་རྒྱལ་ཁབ་བཅུ་ཡིས་བསྒྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་།དེ་ཡང་གཙོ་བོར་ཚོགས་བཞུགས་རྒྱལ་ཁབ་ཕན་ཚུན་དབར་འཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ་འཐུས་ཚང་གོང་འཕེལ་ཡོང་ཆེད་རེད།ད་ལོར་དམིགས་བསལ་རྟོགས་ཞིབ་དང་ཟུར་བཞུགས་ཀྱི་རྒྱལ་ཁབ་བརྒྱད་ཙམ་མཉམ་བཞུགས་བྱས་ཡོད་པ་དང་།དེས་ན་མ་འོངས་པར་རྒྱལ་ཁབ་དེ་དག་ཀྱང་ཚོགས་པ་འདིའི་ནང་བཞུགས་ཉེན་ཡོད་པ་དང་།ཡང་ན་ཚོགས་པ་འདིའི་དམིགས་ཡུལ་དང་ལམ་ཕྱོགས་ལ་རྒྱབ་སྐྱོར་མངོན་གསལ་སྟོན་པའི་མཚོན་དོན་ཡང་ཡིན་པ་རེད།
དེ་སྔ་ཡིན་ན།རྒྱ་གར་དང་རྒྱ་ནག་གཉིས་ལ་རྫོགས་རྒྱུ་མེད་པའི་ས་མཚམས་དཀའ་རྙོག་གཙོས་རྙོག་གྲ་མང་པོ་ཡོད་པ་དང་།རྒྱལ་ཁབ་འདི་གཉིས་ནི་ཨེ་ཤ་ཡའི་ས་ཁུལ་ཏུ་གནས་པའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཡིན་པ་དང་།རྒྱལ་ཁབ་སོ་སོའི་ཁེ་ཕན་མ་འདྲ་བའི་དབང་གིས་ལམ་ཕྱོགས་ཀྱང་ལོག་ཀ་ཡིན་ཐོག།ལྟ་གྲུབ་ཀྱང་ཁ་ཁ་སོ་སོ་ཡིན་པས།ད་དབར་དོན་དམ་གྱི་མཛའ་འབྲེལ་དང་བཟང་ཕྱོགས་ཀྱི་མཉམ་གནས་ཤིག་ཡོང་ཐུབ་མིན་པ་རེད།རྒྱུ་མཚན་དེའི་དབང་གིས་རྒྱ་ནག་གིས་པཱ་ཀི་སི་ཐིན་ལ་རྒྱབ་སྐྱོར་བྱེད་པ་དང་།རྒྱ་གར་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ་སོགས་གང་ལྟར་ཕན་ཚུན་གཉིས་ཀས་ཁ་གཏད་ཀྱིས་ལམ་ཕྱོགས་འོག།གདོང་ལ་འཛུམ་མདངས་སྟོན་ཞོར་ཁོག་ལ་ཕན་ཚུན་ལ་བསམ་ངན་འབའ་ཞིག་སྤེལ་བའི་ཆབ་སྲིད་ཀྱི་ལམ་ཕྱོགས་འོག་གནས་པ་རེད།
ཉེ་བའི་ཆར།རྒྱ་གར་དང་ཨ་རི་གཉིས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་པ་རེད།དེ་སྔ་གྲོགས་འབྲེལ་ཧ་ཅང་བཟང་ཞིང་ཕན་ཚུན་འཐབ་གྲོགས་ཀྱི་འདུ་ཤེས་འཛིན་པའི་རྒྱལ་ཁབ་འདི་གཉིས་དགྲ་ཁ་གཏད་དུ་གྱུར་པ་རེད།དེ་ཡང་ཨ་རིའི་སྲིད་འཛིན་ཌོ་ནོམ་ཁྲོམ་གྱིས་རྒྱ་གར་གྱི་ཚོང་བཟོ་ལ་སྒོ་ཁྲལ་རྒྱ་ཆ་༥༠བརྒྱབ་ཡོད་པ་དང་།དེ་ཡང་རྒྱ་གར་གྱིས་ར་ཤི་ཡའི་སྣུམ་ཕོན་ཆེན་ཉོས་པའི་ཉེས་ལེན་ཡིན་ཚུལ་བཤད་ཡོད་པ་རེད།དོན་དངོས་ཐོག་ལོ་འདིའི་ཟླ་༨ཚེས་༡༦ཉིན་ཌོ་ནོམ་ཁྲོམ་གྱིས་ར་ཤི་ཡའི་སྲིད་འཛིན་བྷུག་ཊྲིན་ཐུག་ཚར་ཙམ་ཡིན་པ་མ་ཟད།བྷུག་ཊྲིན་ལ་སྟོད་བསྔགས་བཏང་ཚར་ཙམ་རེད།ཆབ་སྲིད་རིག་པའི་ལྟ་གྲུབ་ནང་བཤད་པ་བཞིན།རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ལ་ཁེ་ཕན་གཞི་བཞག་མ་གཏོགས་བཟང་སྤྱོད་ཀྱི་ཆ་རྟ་རྔ་ཙམ་ཡང་མེད་པ་རེད།གང་ལྟར་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ལ་གནོད་ཚེ།ཁ་སང་མཉམ་གསོན་མཉམ་ཤི་ཡིན་པའི་གྲོགས་པོའང་དེ་རིང་ཁྱོད་ཤི་ང་གསོན་གྱི་དགྲ་བོར་གྱུར་རྒྱུ་རེད།དེ་ནི་ཆབ་སྲིད་ཀྱི་འགྲོ་སྟངས་ཡིན་ཙང་།རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་གནས་སྟངས་དེའང་སོ་སོའི་ཁེ་ཕན་ཁོ་ནའི་དོན་ཡིན་པ་ཉོམ་མེད་རེད།
ཐེངས་འདིར་རྒྱ་གར་སྲིད་འཛིན་མོ་དྷི་མཆོག་ནི་དེ་སྔ་དང་མི་འདྲ་བར།ཁོང་ལོ་བདུན་གྱི་རྗེས་སུ་ཐོག་མ་རྒྱ་ནག་ལ་ཕེབས་པ་མ་ཟད།ཁོང་གིས་བྷུག་ཊྲིན་དང་སི་ཅིང་ཕན་གྱི་ལག་པར་བཟུང་ནས་ལག་ཐོག་ལག་བརྩེགས་ཀྱིས་བཀའ་མོལ་གནང་པ་དང་།འཛུམ་མདངས་སྟོན་པ་སོགས་ཀྱིས་འཛམ་གླིང་ནང་གླེང་སློང་ཆེན་པོ་བྱུང་པ་མ་ཟད།ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ཆབ་སྲིད་པ་རྣམས་ཀྱིས་ཀྱང་བསམ་བློ་གཏོང་དགོས་པ་བྱུང་ཡོད།དོན་དངོས་ཐོག།རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལ་གྱུར་བ་འདི་ལྟར་གྱུར་བ་ཆེན་པོ་འགྲོ་དགོས་དོན་དེ་ཨ་རིའི་གཞུང་གིས་སྒོ་ཁྲལ་བརྒྱབ་པ་གཅིག་པོ་མ་རེད།དེ་སྔར་རྒྱ་ནག་གིས་མེ་ཏོག་རྫོང་དུ་ཆུ་མཛོད་རྒྱབ་པའི་ལས་གཞི་དངོས་སུ་མགོ་བརྩམས་པ་ནས།རྒྱ་གར་ལ་མཚོན་ན།རྒྱ་ནག་དང་མཉམ་གནས་དང་གྲོགས་འབྲེལ་བྱེད་ན་མ་འོངས་ཁེ་ཕན་ཆེན་པོ་ཡོད་པའི་གནས་སྟངས་སུ་བརྫངས་ཟིན་པ་རེད།ཡིན་ནའང་།མི་ལ་འདོད་ཆུང་ཆོག་ཤེས་མེད་པ་ལྟར་རྒྱལ་ཁབ་ཀྱང་དེ་ལུགས་ཡིན་པས།ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དབར་ལ་ཕུགས་རྒྱངས་གཏན་འཇགས་ཀྱི་མཛའ་འབྲེལ་ཞིག་ཡོང་ཐབས་ནི་ཧ་ཅང་དཀའ་ཁ་ལྡན་པ་ཞིག་རེད།རྒྱུ་མཚན་དེའི་དབང་གིས།ཁ་སང་སྤྱི་ཚོགས་བརྒྱུད་ལམ་དྲང་བདེན་ཟེར་བ་དེའི་ཐོག་ཨ་རིའི་སྲིད་འཛིན་ཌོ་ནོམ་ཁྲོམ་གྱིས་“ལྟོས་ཚོད་ལ་ང་ཚོས་རྒྱ་གར་དང་ཨུ་རུ་སུ་གཉིས་ཆེས་མུན་ནག་གི་རྒྱ་ནག་ཕྱོགས་སུ་ཤོར་ཚར་བ་འདྲ།ཁོང་ཚོ་ཡུན་རིང་མཉམ་གནས་དང་དར་རྒྱས་ཡོང་བར་ཤོག”ཅེས་བྲིས་ཡོད།འདི་ནི་ཌོ་ནོམ་ཁྲོམ་གྱིས་ཆབ་སྲིད་དང་ཁེ་ཕན་དབང་གིས་ཁོང་ཚོའི་འབྲེལ་བ་བརྟན་པོ་མི་ཡོང་པ་ཤེས་ཀྱི་ཡོད་པའི་དབང་གིས་རེད།
འདས་པའི་ལོ་ངོ་བཅུ་ཙམ་ནང་།རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་གྱུར་བ་དེ་ཙམ་སོང་མེད་པ་རེད།རྒྱུ་མཚན་དེའི་དབང་གིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དོན་དམ་གྱི་རྒྱབ་སྐྱོར་དེ་མུ་མཐུད་མ་ཆད་པ་གནང་བསྡད་ཡོད་པ་རེད་མོད།ཕྱི་ཚུལ་གྱི་གནང་ལུགས་གནང་སྟངས་ལ་གྱུར་བ་རབ་དང་རིམ་པ་སོང་ཟིན་པ་རེད།མ་འོངས་པ་ལའང་འགྱུར་བ་འགྲོ་རྒྱུ་ཡིན་པ་གཏན་ཁེལ་པ་རེད།ལྷག་པར་རྒྱ་གར་ལ་ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཡོང་པའི་དུས་སྐབས་དང་།རྒྱ་གར་གྱི་མ་འོངས་ཁེ་ཕན་ཆེད་དུ།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱ་ནག་དང་མཐུན་ལམ་བྱེད་པ་གཉིས་ཁེ་ཕན་ཆེ་ཆུང་དང་ཡང་ལྗིད་བཅག་དགོས་ཀྱི་ཡོད་པས།མ་འོངས་པ་རྒྱ་གར་གཞུང་གིས་བོད་དོན་ལ་དེ་སྔ་དང་མི་འདྲ་བའི་ལམ་ཕྱོགས་ཤིག་མ་བཟུང་རང་བཟུང་ཆགས་རྒྱུ་རེད།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།