ནམ་ཞིག་པཎ་ཆེན་“བདེན་རྫུན་”ཟེར་བ་གཉིས་ཀ་ཕྱིར་ཐོན་ཡོང་ན།

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་བོད་ཁ་བ་གངས་ཅན་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་ཞིག་ཡིན།ཁོང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་།ཡུལ་སྲོལ་གོམས་གཤིས་སོགས་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་པའི་མཛད་རྗེས་དེ་ནི།རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་པོའི་རྗེས་བོད་གངས་ཅན་ལྗོངས་ལ་སླར་ཡང་བསྟན་པ་དར་ཞིང་ཚེ་སྲོག་གི་གསོན་ཉམས་བསྐྲུན་པ་ཞིག་ཡིན།ངས་ད་དུང་ཡང་དྲན་གསོས་ཡ་ལ།ཕྱི་ལོ་༡༩༨༦ལོའི་སྟོན་ཁ་ཞིག་ལ་ཁོང་ལི་ཐང་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང་།སྐབས་དེར་ལི་ཐིང་མི་དམངས་ཁྲི་ཕྲག་མང་པོས་ཁོང་ལ་བསུ་བ་གཟབ་རྒྱས་བྱས་ཡོད་པ་རེད།ཁོང་གིས་ལི་ཐང་དགོན་ཆེན་གྱི་ནང་དུ་བཀའ་དབང་ཞིག་གནང་པ་དང་།བོད་ས་སྟོད་སྨད་ཀྱི་མི་དམངས་ཁྲི་ཚོ་མང་པོ་ལི་ཐང་ལ་འཛོམས་ནས་ཁོང་གི་ཞལ་མཇལ་གསུང་ཐོས་པའི་སྐལ་བ་བྱུང་།དེ་ནི་ཕྱི་ལོ་༡༩༥༩རྗེས་ལི་ཐང་ལ་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་ཤིག་རེད་ཟེར།ཁོང་ལི་ཐང་ལ་ཉིན་ཞག་ཁ་ཤས་གཟིགས་ཞིབ་གནང་ནས་མུ་མཐུད་ས་ཁུལ་གཞན་ལ་ཕེབས་སོང་པ་རེད།ཁོང་ཕེབས་རྗེས་ལི་ཐང་ལ་སྔ་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་བྱུང་པ་རེད།གཞུང་གི་ལས་ཁུངས་དང་སློབ་གྲྭ།ཐ་ན་ཚོང་ཁང་དང་གསང་སྤྱོད་ཡན་ཆད་ཀྱི་སྒོ་བྱང་ཐོག་བོད་ཡིག་འབྲི་འགོ་བརྩམས་པ་མ་ཟད།སྐྱེལ་འདྲེན་སྣུམ་འཁོར་དང་མོ་ཊྲ་ཆེ་ཆུང་ཚང་མ་ལའང་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་བཅས་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་བྲིས་འགོ་བརྩམས་པ་རེད།སློབ་གྲྭ་ཁག་ནང་བོད་ཡིག་སློབ་འགོ་བརྩམས་པ་མ་ཟད་ལི་ཐང་གི་དགོན་ཆེན་དང་དགོན་ལག་རྣམས་ལའང་སྔ་མེད་ཆོས་ཀྱི་ཉི་མ་ཤར་ཞིང་ཆོས་ཀྱི་སྒྲ་དབྱངས་ས་གཞི་ཀུན་ལ་ཁྱབ་པ་གྱུར།ལོ་དེར་ཁོང་གིས་ཉིན་༥༠རིང་ལུའུ་དིང་།དར་རྩེ་མདོ།ཏའུ།བྲག་མགོ།གསེར་རྟ།དཀར་མཛེས།རྫ་ཆུ།སྡེ་དགེ།འབའ་བ།ལི་ཐང་།འདབ་པ་དང་ཆ་ཕྲེང་བཅས་རྫོང་ཁག་བཅུ་གཉིས་ཙམ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད།ཁོང་གིས་སྤྱི་ལེ་གསུམ་སྟོང་ཙམ་འགྲུལ་བཞུད་གནང་ཏེ་བོད་ཀྱི་ས་ཁུལ་མང་པོའི་མི་དམངས་རྣམས་ཀྱི་བདེ་སྡུག་ལ་གཟིགས་སྐོར་ཕེབས་པ་དང་ས་ཁུལ་དེ་དག་ནས་མི་དམངས་ཁྲི་༧༨ཙམ་གྱིས་ཕེབས་བསུ་གཟབ་རྒྱས་གནང་པ་དེས་བོད་ཀྱི་དེང་རབས་ལོ་རྒྱུས་ནང་གཟེངས་ཐོ་ཆེན་པོ་ཞིག་ཀྱང་བསྐྲུན་པ་རེད།༧མགོན་པོ་གང་གིས་ཉིན་མཚན་མེད་པར་སྐུ་ལས་བསྐྱོན་པར་བརྟེན།གཡུང་དྲུང་བོན་བཅས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡི་བསྟན་པ་སླར་ཡང་ཉི་མ་ལྟར་དར་ཞིང་རྒྱས་པ་བྱུང་ཡོད་པ་དང་།བོད་ཀྱི་སློབ་གསོ་དང་རིག་གནས་ཆེད་དམིགས་བསལ་བོད་ཡིག་སློབ་ཆུང་སློབ་འབྲིང་།མཐོ་རིམ་སློབ་གྲྭ་ཆེན་མོ་བཅས་བཙུགས་ནས་ད་བར་བོད་ཀྱི་སྐད་དང་ཡི་གེ་ལ་འཕེལ་རྒྱས་ཆེན་པོ་བྱུང་པ་མ་ཟད།ཆོས་དང་རིག་གཞུང་།ཡུལ་སྲོལ་གོམས་གཤིས།ཐ་ན་ཆས་གོས་ཡན་ཆད་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས་ཁོང་ནི་བོད་ནང་གི་བོད་མི་རྣམས་ཀྱི་སེམས་ཁོང་གི་ཟླ་བ་ལྟ་བུ་ཡིན།
ཕྱི་ལོ་༡༩༨༩ལོར་ཁོང་དགོངས་པ་རྫོགས་པ་དང་།དེ་ནི་དྲོད་ཁོག་དང་ལྡན་པའི་བོད་ཀྱི་ཉི་མ་རི་ལ་ནུབ་པ་ལྟར་བུ་བྱུང་པ་རེད།དེ་ནས་བཟུང་།བོད་མི་རྣམས་ཀྱི་ཁོང་གི་ཡང་སྲིད་ལ་རེ་སྒུག་བྱས་ནའང་།ཆབ་སྲིད་ཀྱི་གནས་སྟངས་དང་འཁྲབ་སྟོན་འདྲ་མིན་དབང་གིས།ཁོང་གི་ཡང་སྲིད་ལ་བར་ཆད་བྱུང་པ་རེད།ཕྱི་ལོ་༡༩༩༥ཟླ་༥ཚེས་༡༤ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འོས་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ངོས་འཛིན་བྱས་ནས་གསལ་བསྒྲགས་གནང་པ་དང་།དེའི་རྗེས་ལོ་དེའི་ཟླ་༥ཚེས་༡༧ཉིན་རྒྱ་ནག་གིས་བཀོད་སྒྲིག་འོག་གཞིས་བཞུགས་བོད་ཀྱི་བླ་ཆེན་ཁག་ལྷ་སའི་ཇོ་ཁང་ནང་དུ་འཛོམས།དེ་ནས་ཇོ་བོའི་སྐུ་མདུན་དུ་གསེར་འབུམ་སྒྲིལ་ནས་འོས་སྤྲུལ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད།ཕྱི་ལོ་༢༠༡༨ཟླ་༡པོའི་ཚེས་༡༠་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་པའི་པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་ཅེས་པའི་དཔེ་དེབ་དང་བོད་ཕྱི་ནང་ལ་ཐོན་པའི་ཉམས་ཞིབ་རྩོམ་ཡིག་ཁག་ཏུ་གསལ་བ་ལྟར་ན།གཉིས་ཀ་འོས་སྤྲུལ་ཁོངས་སུ་ཚུད་ཡོད་པ་ཡིན་པས་ཕྲུ་གུ་རང་འགར་བ་ཞིག་མིན་པ་གསལ་པོ་རེད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དཔལ་བཟང་པོ་མཆོག་གི་ཡང་སྲིད་ལ་ངོས་འཛིན་བྱས་ཏེ་ཉིན་ཁ་ཤས་རྗེས་ཁོང་དང་ཁོང་གི་ནང་མི་ཡོངས་རྫོགས་ག་སོང་འཆར་མེད་ལ་གྱུར་པ་རེད།བཙན་བྱོལ་བོད་མི་དང་འཛམ་གླིང་སྤྱི་སྒེར་མང་པོས་ཁོང་གློད་གྲོལ་དགོས་སྐོར་གྱི་སྐད་འབོད་བརྒྱབ་པ་གཙོས་ལས་འགུལ་མང་པོ་སྤེལ་པ་རེད།ལོ་གཉིས་རྗེས་ཁོང་གི་སྐུ་པར་ཞིག་བཀྲམས་ནས་ཁོང་དང་ནང་མི་ཡོངས་རྫོགས་བདེ་ཐང་ངང་འཚོ་བཞུགས་ཡོད་པའི་གནས་ཚུལ་ཐོན་པ་རེད།ལོ་ཤས་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁུངས་ལྡན་གནས་ཚུལ་ལ་བལྟས་ན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གམ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་ད་ལྟ་སྐུ་ཚོར་བཞུགས་ཡིན་སྐོར་གསུངས་ཡོད་པ་རེད་ལ།རྒྱ་ནག་གཞུང་གིས་ཀྱང་ཁོང་ད་ལྟ་ཤེས་ཡོན་སློབ་གསོ་ལེགས་པོ་ཐོབ་པ་དང་འཚོ་བ་མཐུན་རྐྱེན་ཕུན་སུམ་ཚོགས་པར་ལོངས་སུ་སྤྱད་ནས་བཞུགས་ཡོད་སྐོར་ཡང་ནས་བསྐྱར་ཏུ་གསུང་གི་ཡོད།དེ་དང་མཉམ་པཎ་ཆེན་རྒྱལ་མཚན་ནོར་བུའམ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་རྒྱ་ནག་གིས་སྲུང་སྐྱོབ་དང་གསོ་སྐྱོང་འོག།གཞིས་བཞུགས་འདུལ་བ་འཛིན་པའི་མཁས་གྲུབ་མང་པོའི་ཞབས་ལ་བཏུག་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་རྒྱ་ཆེར་མཛད་དེ།བོད་ཀྱི་ས་ཁུལ་ཁག་དང་རྒྱལ་ཕྱི་ནང་གི་ས་གནས་མང་པོར་ཆོས་ཕྱོགས་ཀྱི་མཛད་པ་ཉིན་རེ་ནས་ཇེ་ཆེར་བསྐྱངས་མུས་ཡིན་པ་ནི་མཐོང་ཆོས་སུ་ཡོད་པའི་གནས་ཚུལ་ཞིག་ཡིན་པས།དེ་ལ་བསྙོན་བཤད་བྱེད་ཐབས་མེད་པ་རེད།དེ་སྔ་བོད་ནང་ཁོང་ལ་མི་བརྩི་མཁན་དང་ངོས་ལེན་མེད་མཁན་བྱུང་ཡོད་ནའང་།ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས།གཞིས་བཞུགས་བོད་མི་རྣམས་ཀྱི་གཟིགས་ཚུལ་ལ་འགྱུར་བ་སོང་ནས།ད་ལྟའི་ཆར་ཁོང་ལ་གུས་བརྩི་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་ལ།ཁ་ཚ་དགོས་བཏུག་གིས་གཞིས་བཞུགས་བོད་མི་རྣམས་ལ་ཕན་ཐོགས་ཆེ་ཤོས་གནང་ཐུབ་མཁན་ཡང་ཁོང་ལས་མེད་པ་རེད།གང་ལྟར་ཁོང་རང་གི་སྐུ་ཡོན་དང་སྒོ་གསུམ་གྱི་སྤྱོད་པ།ཆབ་སྲིད་ཀྱི་དགོས་མཁོ།བོད་མི་རྣམས་ཀྱི་སེམས་ཁམས་ཀྱི་དགོས་མཁོ་དང་དད་པའི་རང་གཤིས།དགོན་སྡེ་གྲྭ་ཚང་དང་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་སྲུང་སྐྱོབ་དར་སྤེལ་གྱི་དགོས་མཁོ་བཅས་རྒྱུ་མཚན་འདྲ་མིན་དབང་གིས།པཎ་ཆེན་རྒྱལ་མཚན་ནོར་བུའམ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་གཞིས་ལུས་བོད་མི་རྣམས་ཀྱི་ཡིད་རྟེན་བཅོལ་བའི་དབུ་བླ་ནང་བཞིན་གྱུར་དང་འགྱུར་བཞིན་པ་རེད།བཙན་བྱོལ་བོད་མི་མང་པོས་པཎ་ཆེན་རྒྱལ་མཚན་ནོར་བུའམ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ་མཆོག་ལ་རྒྱ་ནག་གི་པཎ་ཆེན་ཟེར་བ་དང་།ཡང་ན་པཎ་ཆེན་རྫུན་མ་ཟེར་བ་སོགས་མ་རངས་བའི་འབོད་སྲོལ་ཇི་སྙིད་བྱུང་ནའང་།༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་བར་པཎ་ཆེན་རྫུན་མ་རེད་ཅེས་གསུང་མྱོང་མེད་པ་མ་ཟད།དེ་སྔ་དྷ་སའི་གྷ་གྷ་གནམ་ཐང་དུ་སྐྱེས་ཆེན་མང་པོར་སྐུ་གསུང་ཐུགས་ཀྱི་ཡང་སྲིད་ཡོང་གི་ཡོད་སྐོར་གསུངས་ཡོད་པ་རེད།སྤྱིར་ན་ད་བར་བོད་ནང་བླ་ཆེན་གཅིག་ལ་ཡང་སྲིད་གཉིས་བྱུང་པ་དེ་འདྲ་མང་པོ་རེད།ཡང་སྲིད་གཉིས་ཀ་ལའང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་བླ་ཆེན་ཁག་དང་མི་དམངས་རྣམས་ཀྱིས་ངོས་ལེན་གནང་པ་སོགས་མང་པོ་རེད།གང་ལྟར་བསྟན་པ་དང་འགྲོ་བ་ལ་ཕན་པ་ཡིན་ན་ཡང་སྲིད་ཇི་ཙམ་ཡོད་མེད་ལ་ཁྱད་པ་མེད་པ་འདྲ་བོ་ཆགས་ཀྱི་ཡོད།སོང་ཙང་།པཎ་ཆེན་ཡང་སྲིད་གཉིས་ཡོད་པ་དེའང་ཧང་སང་ཧ་ལས་དགོས་པ་ཞིག་རེད་བསམ་གྱི་མི་འདུག།
བོད་ཀྱི་ལོ་རྒྱུས་ནང་།རྒྱལ་བ་པཎ་ཆེན་གཉིས་ནི་གནམ་གྱི་ཉི་ཟླ་ལྟ་བུ་ཡིན་པ་དང་།ཁོང་གཉིས་ཀྱི་ཡང་སྲིད་དེའང་ཕན་ཚུན་གྱིས་ངོས་འཛིན་བྱེད་རེས་བྱེད་པ་ནི་གོམས་སྲོལ་དང་ལམ་ལུགས་ལྟ་བུ་གྱུར་ཟིན།ང་ཚོས་ནམ་རྒྱུན་ནས་འཛམ་གླིང་ཚོགས་སྡེ་ཁག་ལ།རྒྱ་ནག་གིས་པཎ་ཆེན་རྫུན་མ་ཡིན་པས།དེས་མ་འོངས་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་བྱེད་དབང་མེད་ལུགས་བཤད་ཀྱི་ཡོད་པ་རེད།བཤད་སྟངས་དེས་གལ་སྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའམ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་ལ་ངོས་འཛིན་བྱེད་དབང་ཡོད་པ་དང་ང་ཚོས་ཀྱང་ངོས་ལེན་ཡོད་ལུགས་བསྟན་པ་རེད།གང་ཡིན་ཞེ་ན།ང་ཚོས་ཁོང་ནི་པཎ་ཆེན་ཡང་སྲིད་བདེན་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས།ང་ལ་སེམས་འཁྲེལ་གཅིག་ཡོད་པ་ནི།གལ་སྲིད་མ་འོངས་པར་པཎ་ཆེན་“བདེན་རྫུན་”ཟེར་བ་གཉིས་ཀ་ཕྱིར་ཐོན་ནས་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱེད་ན།སྐབས་དེར་ང་ཚོས་ཇི་ལྟར་བྱེད་དགོས་པ་དང་།འཛམ་གླིང་སྤྱི་སྒེར་ཁག་ལ་དང་ལེན་ཐུབ་པའི་འགྲེེལ་བརྗོད་ག་རེ་རྒྱག་གི་ཡིན་མིན།མ་ཟད།གཞིས་ལུས་བོད་མི་རྣམས་དང་འཛམ་གླིང་མི་དམངས་རྣམས་ལ་ཡིད་ཆེས་འཕེལ་པའི་གནས་ལུགས་ག་རེ་བཤད་རྒྱུ་ཡོད་མེད།བོད་ཀྱི་གནའ་རབས་ལོ་རྒྱུས་དང་ལམ་ལུགས་ཀྱི་སྲོལ་རྒྱུན་སོགས་དང་མི་འགལ་བའི་ཐབས་ཤེས་ག་རེ་ཡོད་མེད་བཅས་ཀྱི་ཐད་གྲ་སྒྲིག་ད་ལྟ་ནས་དགོས་ཀྱི་ཡོད་སྙམ།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།