ངས་ཐོག་མར་མཁས་དབང་བློ་བཟང་སེང་གེ་ཞེས་མཚན་དེ་གོ་བ་ནི་ང་རང་སུ་ཇཱ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སྐབས་སུ་ཡིན། ཉིན་ཞིག་ང་ཚོའི་དབྱིན་དགེ་ཚེ་རིང་དཔལ་སྒྲོན་ལགས་ཉིན་ཤས་རིང་ཟབ་སྦྱོང་ཞིག་ལ་ཕེབས་ནས་ཕྱིར་སློབ་གྲྭར་འབྱོར། ཁོང་གིས་འཛིན་གྲྭའི་ནང་ཟབ་སྦྱོང་ཐོབ་པའི་མྱོང་བ་དང་ཤེས་བྱ་སོགས་ང་ཚོར་བཤད། ཁོང་གིས་ད་ཐེངས་ཀྱི་ཟབ་སྦྱོང་ནི་ད་བར་ཁོང་ལ་ཐོབ་པའི་ཟབ་སྦྱོང་ཡག་ཤོས་དེ་ཡིན། ཟབ་སྦྱོང་སྤྲོད་མཁན་ནང་བོད་ཀྱི་དེང་རབས་ཀྱི་མཁས་པ་ཆེན་པོ་ཞིག་འདུག ཁོང་ནི་ཨ་རིའི་ཧྭ་ཝ་ཊི་ཁྲིམས་ལུགས་མཐོ་སློབ་ནས་ཐོན་པའི་མཁས་དབང་ཞིག་རེད་འདུགཁོང་གི་མིང་ལ་བློ་བཟང་སེང་གེ་ཟེར་གྱི་འདུག་ཅེས་འགྲེལ་བཤད་བརྒྱབ་ཞོར་དེབ་ཁུག་ནས་ཟབ་སྦྱོང་གི་པར་ཞིག་བཏོན་ནས་ང་ཚོར་མིག་སྟོན། ཁོང་གི་ཞལ་རེས་ལ་འཛོམ་མདངས་འཁོར་ཞིང་དགའ་ཚོར་ཆེན་པོས་ལྟོས་དང་འདིའི་ནང་གི་ཕོ་གསར་རྫིག་ཤོས་དེ་བློ་བཟང་སེང་གེ་རེད་ཟེར། དེ་ནི་ངས་མཁས་དབང་བློ་བཟང་སེང་གེ་ཟེར་བ་མཚན་དེ་ཐོས་པ་ཐེངས་དང་པོ་དང་། སྐྱེ་གཟུགས་ལེགས་ཤིང་ཕོ་ཉམས་དོད་པའི་ཁོང་གི་པར་རིས་མཐོང་པའང་ཐེངས་དང་པོ་ཡིན། སློབ་གྲྭའི་འཛིན་གྲྭ་རིམ་པས་ཟླ་བ་རེར་ཞོགས་པའི་རྒྱལ་གླུ་ཚོགས་རྗེས་ཤེས་བྱའི་འཁྲབ་སྟོན་གྱི་ལེ་ཚན་རེ་བྱེད་སྲོལ་ཡོད། འཛིན་གྲྭ་མང་པོས་མཁས་དབང་འདྲ་མིན་ངོ་སྤྲོད་བྱེད་ཀྱི་ཡོད་པའི་ནང་བློ་བཟང་སེང་གེ་ལགས་ཀྱི་མཚན་ཡང་ཡང་ཐོས་རྒྱུ་ཡོད།རིམ་བཞིན་ཁོང་ནི་སློབ་མ་དག་གིས་མཇལ་མྱོང་མེད་ནའང་། སེམས་ཁུངས་ན་རྒྱུས་མངའ་ཆེ་བ་ཞིག་ཏུ་གྱུར།
༢༠༠༨ལོར་གཞིས་བྱེས་ལི་ཐང་མི་དམངས་ཡོངས་ནས་༧གོང་ས་མཆོག་ལ་བརྟེན་བཞུག་གཟབ་རྒྱས་ཤིག་ཕུལ་ཡོད། སྐབས་དེར་ལི་ཐང་ནས་ཡིན་པའི་སྐུ་མགོན་ནང་བརྗིད་ཉམས་ལྡན་ཞིང་ཕོ་ཉམས་དོད་པ།གཟུགས་སྟོབས་ཆེ་ཞིང་ཡིད་སྐྱེ་གཟུགས་ལེགས་པའི་མི་ཞིག་འདུགཁོང་གི་ཚིག་དོན་གཟབ་ཅིང་གོ་སླ་བ། མིག་བརྒྱངས་རིང་ཞིང་མཐོང་རྒྱ་ཆེ་བ། ལུས་ངག་ཡིད་གསུམ་གྱི་ཉམས་གྱུར་ཡིད་མགུ་ཐེབས་པའི་གཏམ་བཤད་ཀྱིས་མི་མང་པོ་ཡིད་དབང་འཕྲོག་པ་བྱས། མི་ཚོས་ཁོང་ནི་བློ་བཟང་སེང་གེ་རེད་ཟེར། དེ་ནི་ཐེངས་དང་པོར་ངས་དངོས་སུ་ཁོང་མཐོང་པ་དེ་རེད། དེ་ནས་ངའི་སེམས་གཏིང་ལ་ཡོད་པའི་ཁོང་གི་བག་ཆགས་ཇེ་ཟབ་དང་ཇེ་ཆེར་སོང་། ལྷག་པར་ཁོང་ནི་ལི་ཐང་པ་ཞིག་ཡིན་པ་ཤེས་རྗེས་སེམས་ནང་སྤོབས་པ་དང་དགའ་བ་ཚད་མེད་བྱུང་།
༢༠༡༡ལོར་ང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེན་ལོར་མཐོ་སློབ་འགྲེམས་བཞིན་ཡོད། ལོ་དེའི་བཀའ་སྤྱི་འོས་བསྡུར་ཆེན་པོའི་ནང་། ཁོང་བཀའ་བློན་ཁྲི་པའི་འོས་མིར་བཞུགས་པ་ཤེས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་། གང་ཡིན་ལགས་ན་ཁོང་ནི་ང་ལ་བག་ཆགས་ཟབ་མོ་ཡོད་པ་མ་ཟད། འོས་བསྡུར་ཁྱབ་བསྒྲགས་སྐབས་ཁོང་གི་གསུང་བཤད་མང་པོ་ཉན་པས་བོད་པ་ཁྲི་ཚོ་མང་པོས་བསམ་པ་ལྟར་ངའང་ཁོང་གི་རྒྱབ་སྐྱོར་བ་ཞིག་ཏུ་གྱུར། བཟང་སྤྱོད་དང་གཟི་བརྗིད་ཀྱི་འོད་སྣང་བཀྲ་བའི་འོས་བསྡུར་དེའི་རྒྱལ་ཁ་ཁོང་ལ་ཐོབ་ནས་ཁོང་ནི་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་བྱེད་སའི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་ཐོག་མ་དེ་ཆགས ཁོང་སྲིད་སྐྱོང་གནང་བའི་ལས་ཡུན་རིང་ཁོང་གིས་ནུས་པ་གང་ཡོད་དང་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ཁྲོད་འོད་སྟོང་འབར་བའི་མཛད་རྗེས་ཇི་སྙེད་ཅིག་འཇོག་ཡོད་མོད། མི་ཚང་ཉོམ་ཆུང་དང་དཀྱུས་མ་ལ་སྐྱེས་ཤིང་། སྐུ་དྲག་དང་ཕྱུག་བདག་སོགས་ཀྱི་རྒྱབ་ལྗོངས་མེད་པའི་ཁོང་ལ་མཚོན་ན། ཕྲག་དོག་གི་མེ་ལྕེ་འབར་ཞིང་གཡོ་སྒྱུའི་ཐབས་ལ་མཁས་བའི་དབང་ལྡན་མི་སྣ་མང་པོས་ཁོང་ལ་མངོན་ཤུགས་བརྒྱུད་གསུམ་དང་། ཐབས་བརྒྱ་ཇུས་སྟོང་།ཕྱི་ནང་གསང་གསུམ་གྱིས་མཛད་བཀའ་གྲངས་ལས་འདས་པ་བཟོས་ནའང་།ཞུམ་པ་མེད་པའི་ཁོང་གི་སྙིང་སྟོབས་དང་།གཡོ་བ་མེད་པའི་དད་པ།འགྱུར་བ་མེད་པའི་སེམས་ཤུགས་བཅས་ལ་བརྟེན་ནས་ཁོང་དགྱེལ་ས་ནས་ཡང་ཡང་ལངས་ནས་ལོ་ལྔའི་སྲིད་སྐྱོང་གི་ལས་ཡུན་དེ་གཟི་བརྗིད་དང་སྤོབས་པའི་ངང་མཇུག་སྒྲིལ།
༢༠༡༦ལོར་ང་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་བཞུགས་པ་དང་། ཁོང་སླར་ཡང་སྲིད་སྐྱོང་གི་འོས་མིར་བཞུགས་པ་རེད།ངེད་གཉིས་འོས་བསྡུར་ནང་བཞུགས་པ་གཅིག་པ་ཡིན་ནའང་། ང་ལ་ཆོལ་ཁ་གཅིག་གི་རྒྱབ་སྐྱོར་བྱུང་ན་འགྲིག་པ་དང་ཁོང་ལ་ཆོལ་ཁ་གསུམ་གྱི་རྒྱབ་སྐྱོར་དགོས་པ་མ་ཟད།ཁོང་ནི་སྲིད་སྐྱོང་འོས་མི་ཡིན་པས་འོས་བསྡུར་འགྲན་རྩོད་དང་དཀའ་ཁ་ཧ་ཅང་ཆེན་པོ་ཡོད།ཡིན་ནའང་བོད་མི་མང་ཤོས་ཀྱིས་ཁོང་ལ་རྒྱབ་སྐྱོར་གནང་པར་ཁོང་སླར་ཡང་སྲིད་སྐྱོང་གྱུར་ལ། ངའང་མདོ་སྟོད་མི་དམངས་ཀྱིས་ཚད་མཐོན་པོའི་རྒྱབ་སྐྱོར་ལ་བརྟེན་སྤྱི་འཐུས་སུ་གྱུར།དུས་དེ་ནས་ངེད་གཉིས་ཀ་བཙན་བྱོལ་དུ་ཆབ་སྲིད་ཀྱི་ལས་དོན་སྒྲུབ་མཁན་གཅིག་པ་ཡིན་ནའང་།ཁོང་ནི་སྲིད་སྐྱོང་དང་ང་ནི་སྤྱི་འཐུས་རེད། ངེད་གཉིས་ཀྱི་ལས་འགན་ལའང་ལྗིད་ཡང་གི་ཁྱད་པ་ཆེན་པོ་ཡོད།ཁོང་གི་ལས་འགན་ལྗིད་པ་དང་ངའི་ལས་འགན་ཅུང་ཡང་བ་རེད།སྐབས་དེ་དུས་ངེད་གཉིས་ཕན་ཚུན་ངོ་ཤེས་ནའང་རྒྱུས་མངའ་ཆུང་ལ།འགྲོ་ཡོང་གི་གྲོགས་འབྲེལ་ནི་དེ་བས་མེད།
ལོ་ཟླའི་འཁོར་བསྐྱོད་ཀྱི་ཁྲོད་བཙན་བྱོལ་སྤྱི་ཚོགས་སུ་བཟང་ངན་གྱི་གནས་ཚུལ་མང་པོ་བྱུང་ཡོད་པས། ངེད་གཉིས་ཀྱི་འབྲེལ་བའང་ཇེ་གཟབ་དང་ཇེ་ཉེ་ལ་སོང་།ངས་ཁོང་ལ་རྒྱུས་མངའ་ཡང་ཇེ་ཆེར་སོང་། མི་མང་པོས་བློ་བཟང་སེང་གེ་ནི་མི་ཀྲོག་ཀྲོག་ཚ་བོ་དང་སྤོབས་པ་ཚ་བོ་ཞིག་ཏུ་མཐོང་། ཡིན་ནའང་ཁོང་དང་ཡུན་རིང་གཤིག་པ་དང་ཁོང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་དེ་ལྟར་མཐོང་མི་སྲིད། སྤྱི་བཏང་ཁོང་ལ་ཕོ་བརྒྱ་ཕྲག་དོག་བྱེད་ས་དང་མོ་བརྒྱ་སེམས་པ་ཤོར་སའི་སྐྱེ་གཟུགས་ཤིག་ཡོད་པ་ནི་ཁོང་གི་ལྷན་སྐྱེས་ནས་བྱུང་བའི་ཁྱད་ཆོས་ཤིག་རེད། དེ་ནི་ཁོང་ཚོའི་ཕ་རབས་མི་བརྒྱུད་ནས་མཆེད་པའི་རིགས་བཟང་གི་རྟགས་མཚན་ཞིག་ཀྱང་ལོས་ཡིན། ཁོང་ནི་བུ་གཏུག་ཚང་གི་མི་བརྒྱུད་ཡིན་པ་དང་། བུ་གཏུག་ཚང་གི་མི་བརྒྱུད་ནི་སྐྱེ་བཟང་འབའ་ཞིག་ཡིན་པ་ལི་ཐང་པ་ཚང་མས་ཤེས་གསལ་རེད། སྤྱི་དོན་ཕྱག་ལས་གནང་སྐབས་བློ་བཟང་སེང་གེ་ནི་འགོ་ཁྲིད་ཅིག་གི་ཚུལ་དུ་བབས་ཆགས་པོ་དང་དཔོན་ཉམས་ལྡན་པ་ཞིག་ཡིན་ནའང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཁོང་ནི་དམའ་སར་སྡོད་མཁན་དང་། ཆེ་ཉམས་མེད་པར་འདྲེས་བདེ་བ་དང་། ཉོམ་ཆུང་གི་འཚོ་བ་བསྐྱེལ་མཁན་ཞིག་ཡིན།ཁོང་ནི་ཞལ་ལག་ལ་བདམས་ཀ་མེད་ཅིང་ཐབ་ཚང་ལས་ཀ་ལ་རྒྱུས་མངའ་མེད་མཁན་ཞིག་ཀྱང་རེད། ཁོང་ཕག་ཤ་བཙོས་མ་དང་མོ་མོ་ཟ་ཡ་ལ་ཤིན་ཏུ་དགའ། ཁང་པའི་ཐབ་ཚང་ནང་གི་མཐུན་རྐྱེན་དང་གཟིམ་ཤག་ནང་གི་ཆ་རྐྱེན་དེ་དག་ཀྱང་མི་ཚང་དཀྱུས་མ་ཞིག་དང་འདྲ། མཚམས་རེར་ངས་ཁོང་གི་སྐུ་སྲུང་དབང་གྲགས་ལ་སྲིད་སྐྱོང་ནང་གི་མཐུན་རྐྱེན་ནི་ངའི་ནང་ལས་སྐྱོ་བ་ཞེས་ཀུ་རེ་ཡང་ཡང་བྱས་མྱོང་། ཉིན་ཞིག་སྲིད་སྐྱོང་བློ་བཟང་སེང་གེས་ང་ལ་ཁ་ལག་ཅིག་བཟོས་ཟེར། ངས་ཁ་ལག་ཏོག་ཙམ་བཟོ་ཤེས་ནའང་སྨན་རྫས་དང་ཞིམ་རྫེས་མང་པོ་བེད་སྤྱོད་གཏོང་གི་ཡོད། ཡིན་ནའང་སྲིད་སྐྱོང་ཐབ་ཚང་ནང་ལ་སྨན་རྫས་དང་ཞིམ་རྫས་ཡག་པོ་ཞིག་གཏན་ནས་མི་འདུག་པ་མ་ཚད། ཞལ་ལག་བཟོས་པར་དགོས་ངེས་ཆེ་བའི་ཚྭའང་མི་འདུགཉིན་དེར་ཨ་ཀྲུག་ཚེ་བརྟན་ཡང་ཁ་ལག་ཟ་རུ་ཡོང་གི་ཡོད་པས། ངས་ཁ་པར་བཏང་ཏེ་ཁོང་ལ་ལམ་ཞོར་དུ་ཚྭ་ཞིག་ཉོས་ནས་འཁྱེར་ཡོང་ན་མ་གཏོགས་བོད་ཀྱི་སྲིད་སྐྱོང་ནང་ལ་ཚྭའང་མི་འདུག་ལབ་པ་ཡིན། ཨ་ཀྲུག་ཚེ་བརྟེན་གྱི་ཚྭ་འཁྱེར་ནས་སླེབས་སོང་།ཁོང་གིས་ཚྭ་དེ་ཚྭ་སྣོད་ནང་བཀླུག་པའི་སྐབས་བོད་མི་ཚོས་སྲིད་སྐྱོང་གི་ཕྱི་ཚུལ་མཐོང་པ་ལས་དོན་དངོས་ཀྱི་གནས་སྟངས་ཤེས་ཀྱི་ཡོད་མ་རེད་ཟེར་ནས་གདོང་ལ་སྐྱོ་སྣང་གིས་ཁེངས། ཁོང་གི་སྐུ་ཟླ་ཨ་རི་ལ་ཕེབས་ནས་བཟུང་ཁོང་ལ་ཞལ་ལག་བཟོ་མཁན་གྱི་མ་བྱིན་ཞིག་ཀྱང་མེད། ནང་ལས་བྱེད་མཁན་གྱི་རོགས་པོ་ཙམ་ཡང་མེད།ནམ་རྒྱུན་སྐུ་སྲུང་དབང་གྲགས་ཀྱིས་གང་ཐུབ་ཞལ་ལག་བཟོ་གི་ཡོད་ལ།ཀུན་དགའ་མགྲོན་ཁང་དངTibetKitchenསོགས་ཀྱིས་ཞལ་ལག་བཟོས་ནས་བསྐྱེལ་ཏུ་ཡོང་།དེ་དག་མེད་ཚེ་ཁོང་གིས་སྟབས་བདེ་ཐུག་པ་འཐུང་གི་ཡོད། ཁོང་གི་ཐབ་ཚང་ནང་འགྲོ་མྱོང་ཡོད་མཁན་ཚོས་ཤེས་ཀྱི་རེད།ཁོང་གི་ཐབ་ཚང་ནང་སྟབས་བདེ་ཐུག་པ་ཤོག་སྒམ་གང་ཡོད་ཡོད་པ་རེད།ཁོང་གི་ཐབ་ཚང་ནང་སྣོད་ཆས་ཁ་ཤས་ཡོད་པ་དང་འཁྱགས་སྒམ་རྙིང་པ་ཞིག་ཡོད། འཁྱགས་སྒམ་དེའི་ནང་ཁ་ལག་ལྷག་མ་དང་ཤིང་ཏོག་ཁ་ཤས་ཡོད།གཟིམ་ཤག་ནང་རིན་ཐང་ཆེ་ཤོས་ནི་གཟུགས་མཐོང་བརྙན་འཕྲིན་ཞིག་ཡོད་པ་དེ་རེད། ཉིན་ཞིག་ངས་རབ་བརྟེན་རིན་པོ་ཆེ་ལ་སྲིད་སྐྱོང་གིས་སྟབས་བདེ་ཐུག་པ་འཐུང་གི་ཡོད་སྐོར་བཤད་པར།ཁོང་སེམས་ཧ་ཅང་སྐྱོ་ནས་ང་ཚོའི་སྲིད་སྐྱོང་གི་ཞལ་ལག་ཡག་པོ་ཙམ་ཡང་མ་རག་ན་ཧ་ཅང་སྐྱོ་པོ་རེད།མི་ཚོས་སྲིད་སྐྱོང་ནི་རྒྱས་སྤྲོས་ལ་དགའ་བའི་མི་ཞིག་རེད་འདུག་སྙམ་པ་ལས་དོན་དངོས་ཀྱི་གནས་སྟངས་ཤེས་ཀྱི་མེད་པའང་བློ་ཕམ་པོ་རེད་ཟེར། ཉིན་ཞིག་རིན་པོ་ཆེ་རང་ཉིད་ཀྱིས་ཆེད་དུ་ལི་ཐང་གི་དམིགས་བསལ་ཞལ་ལག་བསྲེག་ཕོ་ལོ་ཞིག་བཟོས་ནས་སྲིད་སྐྱོང་ལ་ཕུལ་པར་བཏང་། སྲིད་སྐྱོང་གི་ཧ་ཅང་མཉེན་པོ་གནང་པས་རིན་པོ་ཆེ་ཡིས་དུས་ཁོམ་ཡོད་ཚེ་བསྲེག་ཕོ་ལོ་བཟོས་ནས་སྲིད་སྐྱོང་ལ་ཕུལ་གྱི་ཡོད།
ཁོང་ལས་ཁུངས་སུ་ཕེབས་སྟེ་གཞུང་འབྲེལ་མི་སྣ་ཐུག་དུས་དང་། མཛད་སྒོ་འདྲ་མིན་ལ་ཕེབས་དུས་ཁོང་གིས་གྱོན་གོས་གང་ལེགས་ལེགས་གོན་གྱི་ཡོད་མོད། ནང་ལ་བཞུགས་དུས་ཚོན་མདོག་ཡལ་ཞིང་རྙིང་ཧྲུལ་ཐེབས་པའི་གྱོན་གོས་ཤིག་གོན་ནས་བཞུག་རྒྱུར་ཧ་ཅང་དགའ། ངས་ཁོང་ལ་ཁྱེད་ཀྱིས་ནང་ལ་འདི་ལྟར་གོན་རྒྱུ་ཅི་ཡིན་ན་ཞེས་དྲིས་པར། ཁོང་གིས་ང་ཚོ་སོ་སོའི་མི་ཚང་སྐྱོ་པོ་ནས་ཡོང་ཡོད་པ་དུས་ནམ་ཡང་བརྗེད་མི་རུང་། འདིས་སོ་སོའི་ཁྱིམ་རྒྱུད་སྐྱོ་པོ་ནས་རིམ་བཞིན་དར་འཕེལ་སོང་བའི་རྨང་གཞི་ལ་དྲན་སྐུལ་བྱེད་ཐུབ། མ་གཞི་ནས་གྱོན་གོས་འདི་ཚོ་ཕྱི་ཚུལ་ལ་མཛེས་པོ་མེད་ནའང་ལུས་པོ་ལ་ཧ་ཅང་བདེ་པོ་ཡོད། ཕྱི་ལོག་ལ་ང་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་ཡོད་པ་དང་བོད་མི་ཡོངས་ཀྱི་ངོ་ཚབ་ཡིན་པས་གོས་ལྷམ་ཡག་པ་དང་གཙང་མ་གོན་རྒྱུ་གལ་ཆེ་ཟེར། ཁོང་ཆུང་དུས་ནས་ནགས་རིས་སྐོར་ཞིང་རྩི་ཤིང་སྣ་ཚོགས་ཀྱིས་རྒྱན་པའི་གཞིས་གྲོང་ཞིག་ཏུ་འཚར་ལོངས་བྱུང་བས། རི་མགོ་དང་ཤིང་ནགས་སུ་འཆམ་འཆམ་འགྲོ་རྒྱུ་དང་རི་མཐོ་པའི་སྒང་ནས་བརྒྱངས་ལྟ་བྱེད་རྒྱུ་ཧ་ཅང་དགའ། བདུན་ཕྲག་རེ་ལ་རི་མགོ་དང་ཤིང་ནགས་ནང་འཆམ་འཆམ་ཐེངས་རེ་འགྲོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཁོང་གི་ཟེར་ཡ་ལ།ལས་དོན་གྱི་རྐྱེན་པས་ལུས་སེམས་ལ་ངལ་དུབ་ཐེབས་པར་རང་བྱུང་གི་འཁོར་ཡུག་དང་། རི་ཆུ་ཤིང་ནགས་སོགས་མཐོང་དུས་ལུས་སེམས་ཀྱི་ངལ་བ་སེལ་ཐུབ་ཀྱི་ཡོད་ལ། ལུས་སྦྱོང་ཞིག་ཀྱང་རེད། མ་ཟད་ཁུར་སིམ་བའི་རྐང་ལམ་བསྙེགས་སྟེ་དལ་གྱིས་འགྲོ་ན་བསམ་བློ་གསར་པའང་མང་པོ་འཁོར་ཡོང་ལ། རྩ་དོན་འཐབ་རྩོད་དང་ལས་དོན་སྒྲུབ་ཕྱོགས་སོགས་ཀྱི་ཐབས་ལམ་གསར་པ་དང་ཡག་པོ་དེ་འདྲ་རྙེད་ཐུབ་ཟེར། ཉིན་ཞིག་ང་ཚོ་རི་མགོར་སོང་ནས་ཕྱིར་ལོག་དུས་ལམ་བར་ན་ས་རུབ་སོང་བ་དང་། ལག་ཐོག་ཁ་པར་གྱི་གློག་ཞུག་ལ་མ་བརྟེན་ན།འགྲོ་ལམ་ཡང་མཐོང་ཐུབ་ཀྱི་མི་འདུགངས་སེམས་ནང་མ་བདེ་བ་ཆེན་པོ་བྱུང་ཡོད་ནའང་། ཁོང་ནི་སྤྲོ་སྣང་གིས་ཁེངས། ཁོང་གིས་གནས་སྟངས་འདིས་ཆུང་དུས་ཨ་ཕ་མཉམ་དུ་མཚན་མོར་ཞིང་ཁ་ནས་ནང་ལ་ལོག་པའི་རྣམ་པ་དེ་དྲན་བྱུང་ཟེར། སྲིད་སྐྱོང་ནི་མཁྱེན་རྒྱ་ཆེ་ཞིང་རྣམ་དཔྱོད་ལྡན་པ།རིག་པ་རྣོ་ཞིང་མཐོང་རྒྱ་ཆེ་བ་ཞིག་ཡིན་པ་མ་ཟད།རྒྱལ་སྤྱིའི་ཆབ་སྲིད་པ་དང་མཁས་དབང་དུ་མས་ཡི་རངས་གུས་བཀུར་དང་བཀའ་སློབ་ལམ་སྟོན་ཞུ་ཡུལ་ཞིག་ཡིན་ནའང་། ཁོང་ནི་མི་རབ་འབྲིང་མཐའ་གསུམ་དང་། རྒན་གཞོན་བར་གསུམ་ལ་གླེང་མོལ་བྱེད་ཐུབ་མཁན་ཞིག་ཡིན།མ་ཟད་ཁོང་ནི་ཕྱུག་པོ་དང་དཔོན་པོ་རྣམས་ལ་སྤྲད་ལེབ་འཁྲབ་མི་ཤེས་མཁན་ཞིག་དང་། ཉོམ་ཆུང་དང་དབུལ་པོ་ལ་རོགས་པོ་གང་ཐུབ་བྱེད་མཁན་ཞིག་ཡིན། གོམས་གཤིས་འདི་ནི་ཁོང་གི་ཨ་ཞང་སྟག་ཤམ་རིན་པོ་ཆེས་ཆུང་དུས་ནས་ཁོང་ལ་སློབ་གསོ་བརྒྱབ་པའི་བག་ཆགས་རེད་ཟེར།ཉིན་ཞིག་ང་ཚོ་འཆམ་འཆམ་ལ་འགྲོ་དུས། ངལ་གསོ་བྱེད་པའི་བབས་ཚུགས་ཤིག་ཏུ་རྒྱ་གར་ཁང་ལས་པའི་ཕྲུ་གུ་ཁ་ཤས་དང་འཕྲད། ཕྲུ་གུ་དེ་ཚོའི་གོས་ལྷམ་རལ་ཧྲུལ་ཡིན་ཐོག་མདོང་ལ་ཐལ་ལས་ཁེངས་འདུག སྐད་ངོ་ལ་བལྟས་པས་ཁོང་ཚོ་ནི་བལ་ཡུལ་ནས་ཡོང་བའི་ལས་མི་ཚོའི་ཕྲུ་གུ་འབའ་ཞིག་རེད་འདུག སྲིད་སྐྱོང་ནི་སྐད་རིགས་སྣ་མང་ཤེས་མཁན་ཞིག་ཡིན་པས། ཁོང་གིས་བལ་ཡུལ་སྐད་ཐོག་ཕྲུ་གུ་དེ་ཚོ་དང་གླེང་མོལ་བྱས།ངས་བལ་ཡུལ་གྱི་སྐད་ཤེས་ཀྱི་མེད་པས་ཅི་ཞིག་བཤད་ཀྱི་ཡོད་མེད་མི་ཤེས་མོད། ཕྲུ་གུ་ཚོ་སྐྱིད་ཐག་ཆོད་ནས་ཁོང་དང་འཛུམ་མདངས་མེ་ཏོག་ལྟར་བཞད་དེ་གླེང་མོལ་བྱས།བསམ་མེད་ཀྱི་ཕྲུ་གུ་ཚོས་ཁོང་སུ་ཞིག་ཡིན་མིན་མི་ཤེས་བས། ལ་ལས་ཁོང་ལ་འཐམ་པ་དང་། ལ་ལས་ཁོང་གི་ཞྭ་མོ་ལ་འཇུས།ལ་ལས་ཁོང་ལ་སྐད་ཆ་འདྲ་བཤད་ནས་གང་ལྟར་སེམས་ཐག་ཉེ་པོ་བྱས་ཀྱི་འདུགའགྲོ་ཁར་སྲིད་སྐྱོང་གིས་ཕྲུ་གུ་རེ་ལ་ཧིན་སྒོར་༢༠༠་རེ་སྤྲད། ཡིན་ནའང་ཕྲུ་གུ་ཚོས་ཤོག་ལེབ་དེ་ནི་སྒོར་མོ་ཡིན་པ་ཤེས་ཚོད་འདུག་མོད།ལག་ལ་སྒོར་མོ་ག་ཚོད་བྱུང་ཡོད་མེད་ཧ་ལམ་ཤེས་མེད་ཚོད་འདུག
སྤྱིར་འཛམ་གླིང་ནང་གི་དཔོན་པོ་མང་ཤོས་ནི་རྒྱས་སྤྲོས་ལ་དགའ་ཞིང་ཞལ་ལག་ཀྱང་ཟ་ཁང་ཡག་ཤོས་ག་འདུག་བལྟས་ནས་འགྲོ་གི་ཡོད་པ་སྨྲོས་མེད་རེད། ཡིན་ནའང་སྲིད་སྐྱོང་བློ་བཟང་སེང་གེ་ནི་ཆེ་ཆུང་གི་ཟ་ཁང་གང་དུ་སོང་ནའང་འགྲིག་པ་མ་ཟད།ལམ་ཟུར་ན་འགྱིག་ཁེབས་གཡོར་བའི་ཇ་ཁང་དང་ཟ་ཁང་ནང་འགྲོ་རྒྱུ་ཧ་ཅང་དགའ། མཚམས་རེར་ཁོང་གིས་མངར་ཇ་ཞིག་གི་མཉམ་དུ་ཨ་ལོག་བག་ལེབ་ཟ་གི་ཡོད། མཚམས་རེར་སྟབས་བདེ་ཐུག་པ་འཐུང་གི་ཡོད། ཇ་ཁང་དང་ཟ་ཁང་གི་སྦྱིན་བདག་ཚོས་རྒྱུན་དུ་ཁོང་གསར་འགྱུར་ནང་མཐོང་གི་ཡོད་པས། འཚབ་འཚུབ་ཏུ་གྱུར་ནས་གདོང་ལ་སྤོབས་པ་དང་དགའ་སྣང་གིས་ཁེངས། ཁོང་ཚོས་རིན་པ་མ་ལེན་པའི་འབད་བརྩོན་ཇི་ཙམ་བྱེད་ནའང་སྲིད་སྐྱོང་གིས་རིན་བབས་ལས་མང་བ་སྤྲོད་ཀྱི་ཡོད།
ཧ་ཅང་དགའ་འོས་པའི་གྲུབ་འབྲས་ཤིག་ཐོན་ན་ཁོང་ལ་ང་རྒྱལ་གྱི་སྤྲོ་སྣང་དེ་ཙམ་མེད། ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་འཕྲད་ན།ཁོང་ལ་ཤིན་ཏུ་ཡིད་མུག་པའི་ཚོར་སྣང་དང་རྣམ་འགྱུར་མེད། དགའ་སྐྱོ་གནས་ཚུལ་ཅི་ཞིག་འཕྲད་ཡོད་མེད་ཁོང་གི་གདོང་དང་ཉམས་འགྱུར་ནས་རྩ་བ་ནས་རྟོགས་མི་ཐུབ། མི་ཚོས་ཁོང་ལ་དངོས་གསལ་དོད་པོས་མ་ཉེས་ཁ་གཡོག་དང་གཞི་མེད་སྐྱོན་བརྗོད་བྱེད་དེ་ང་ཚོའང་འདུག་མི་བཟོད་པའི་གནས་སྟངས་གྱུར་ནའང་། ཁོང་གི་གདོང་རེས་ལ་འགྱུར་བ་མེད་པར་སོ་སོས་ལས་ཀ་བྱེད་ནས་སྡོད་ཀྱི་ཡོད། ཁོང་ཁོག་རྒྱ་ཆེ་ཞིང་བཟོད་སྒོམ་ཐུབ་མཁན་ཞིག་དང་། དུས་རྟག་ཏུ་རྒྱ་ཆེ་ས་ལ་བསམ་བློ་གཏོང་གི་ཡོད།མི་མང་པོས་ཆབ་སྲིད་ཀྱི་གཡོ་སྒྱུའི་འོག་གདོང་འབག་འདྲ་མིན་གྱོན་ནས་མངོན་ཤུགས་བརྒྱུད་གསུམ་ནས་ཁོང་ནག་པོ་བཟོ་གང་ཐུབ་བྱེད་པའི་གནས་ཚུལ་དག་མཐོང་དུས། མཚམས་རེར་ང་རང་བཟོད་སྒོམ་མི་ཐུབ་པར་ཁོང་ལ་ཁྱེད་རང་ནི་ཚོར་བ་ཙམ་ཡང་མེད་པའི་མི་རྡོ་འདྲ་ཞིག་འདུག་ཅེས་འཁང་ར་བྱས་མྱོང་། ཁོང་གིས་འཛུམ་མུལ་མུལ་གྱིས་ལག་པས་འཛུམ་མོ་ཆེ་ཆུང་ལྔ་སྟོན་ཏེ་འཛུབ་མོ་ཆེ་བ་ནས་ཆུང་ཤོས་བར་བགྲངས་འགོ་བརྩམ། དང་པོ་ང་ཚོས་༧གོང་ས་མཆོག་ཐུགས་མི་ཕམ་པ་ཞིག་བྱེད་དགོས། གཉིས་པ་ང་ཚོས་བོད་ནང་གི་བོད་མི་ཚོར་སེམས་ཤུགས་རྒྱས་པ་ཞིག་བཟོ་པར་བསམ་བློ་གཏོང་དགོས། གསུམ་པ་ང་ཚོས་རྒྱལ་སྤྱིའི་རྒྱབ་སྐྱོར་ཆེ་རུ་འགྲོ་པ་ཞིག་བཟོ་པར་བསམ་བློ་གཏོང་དགོས། བཞི་པ་རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་ལ་རྒྱབ་སྐྱོར་དང་སེམས་ཐག་ཉེ་པ་ཞིག་ཡོང་པར་བསམ་བློ་གཏོང་དགོས། འཛུབ་མོ་ལྔ་པ་སྟེ་ཆུང་ཤོས་དེ་ནི་ང་ཚོ་བཙན་བྱོལ་ནང་གི་བོད་པ་སྦ་ར་གང་དེ་རེད།བཙན་བྱོལ་ནང་གི་བོད་པ་སྦ་ར་གང་དེའི་ནང་རྙོག་གྲ་ཏོག་ཙམ་ཡོད་དེ་ཚོ་གལ་ཆེན་པོ་རྩིས་སྟེ་རྩ་དོན་འཐབ་རྩོད་ལ་བར་ཆད་བཟོས་ན་ཆོ་ག་རེ་ཡོད་རེད་ཟེར། མ་ཟད་ཁོང་དགའ་ཤོས་ཀྱི་ཚིག་བཅད་ཅིག་ཡོད་པ་ནི་རྒྱལ་སྲས་ཞི་བ་ལྷའི་གསུང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།།དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པ་དེ་རེད།སྤྱོད་འཇུག་གི་ཚིག་བཅད་འདིས་ཁོང་དཀའ་ངལ་འཕྲད་སྐབས་སེམས་གསོ་ཞེ་དྲགས་ཐེབས་ཀྱི་འདུག་ཟེར།
ད་དུང་ང་ལ་ཁྱོད་རང་ངའི་མཉམ་དུ་ཡུན་རིང་གཤིག་ཡོད་ནའང་ད་དུང་སྦྱོང་བརྡ་ཐེབས་མི་འདུག་ཟེར་ནས་ཤེད་ཤེད་ཀྱང་གཏོང་མྱོང་ཡོད། ཁོང་གི་བཟོད་སྒོམ་བྱེད་སྟངས་དང་ཁོག་རྒྱ་ལ་བལྟས་ན་ཁོང་ནི་མི་ཚེ་གང་བོ་ཆོས་སྦྱངས། ཁྲི་ཐོག་བསྡད་ནས་གཞན་ལ་ཕར་ཕྱིན་དྲུག་སྐོར་བཤད་མཁན་གྱི་སྤྲུལ་མིང་དང་གོ་གནས་གཉིས་ཀ་ཡོད་མཁན་ཁ་ཤས་ལས་ཀྱང་ལྡབ་གྱུར་གྱིས་དྲགས་བ་འདུག་བསམ་པའི་ཚོར་བ་ཐེངས་མང་སླེབས་མྱོང་ཡོད།ཁོང་མི་ཚེ་རི་ལ་བསྐྱེལ་ནས་རི་འགོའི་རི་དྭགས་ངོ་མི་ཤེས་མཁན་དེ་འདྲ་མིན། ཁོང་གི་ཡོད་ཚད་ཤེས་ཀྱི་ཡོད།ཡིན་ནའང་༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་དང་མི་རིགས་ཀྱི་འཐབ་རྩོད་ཆེད་ཁོང་དུས་རྟག་ཏུ་གྱོང་ཆེན་མགོ་ཐོག་ལྷུང་ནའང་བཟོད་སྒོམ་བྱེད་ནས་བསྡད་མཁན་ཞིག་ཡིན། ཁོང་ནི་འཇོན་ཐང་ལྡན་ཞིང་ཐབས་ཤེས་ལ་མཁས་པ་མ་ཟད། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་སྟོན་ཐུབ་པ་བྱེད་མཁན་ཞིག་ཡིན།རྒྱུ་མཚན་དེའི་དབང་གིས་བཙན་བྱོལ་བོད་མིའི་ནང་ཤེས་འཕྲོད་གསུམ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད།ཁོང་གི་གཏམ་བཤད་སྐབས་སོ་སོའི་གྲུབ་འབྲས་ཐོབ་པ་རྣམས་མི་དམངས་ལ་འགྲེལ་བཤད་རྒྱག་གི་ཡོད།དེ་ནི་ཁོང་ནུབ་ཕྱོགས་སུ་འགྲེམས་སྟེ་གོམས་གཤིས་ཐེབས་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་གདེང་སྤོབས་ཀྱིས་འགྲེལ་བཤད་རྒྱག་པ་ཙམ་ཡིན།ཡིན་ནའང་ཧུར་བརྩོན་པ་ཁ་ཤས་ཀྱིས་དེར་ལག་ཆ་རུ་བེད་སྤྱད་དེ་ཁོང་ལ་ཁ་བརྡུང་དང་འཁོན་འཛིན།སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་ཐབས་ལ་འབད་བརྩོན་བྱས་དང་བྱེད་མུས་རེད། ཝ་མོ་ལྟར་གཡོ་སྒྱུ་ཆེ་བའི་མི་ཁ་ཤས་ཀྱིས་སྲིད་སྐྱོང་གི་གྲུབ་འབྲས་ཚང་མ་༧གོང་ས་མཆོག་གི་བཀའ་དྲན་ཉག་ཅིག་ཡིན་པ་རེད།ཁོས་ངས་བྱས་པ་ཡིན། ངས་བྱས་པ་ཡིན་རྐྱང་རྐྱང་བཤད་པ་དེ་ནི་༧གོང་ས་མཆོག་ལ་མ་གུས་པ་རེད་ཟེར་ནས་དབྱིང་དཀྲུག་གི་ཇུས་ངན་བརྩམས།བོད་པ་ཀླད་སྟོང་མང་པོའང་དེའི་རིགས་ཀྱི་རྗེས་སུ་འབྲངས་ནས་ནང་ཁུལ་གྱི་མཐུན་སྒྲིལ་གཏོར། མ་གཞི་བོད་ལ་མཚོན་ན་༧གོང་ས་མཆོག་བཀའ་དྲན་ཆེན་པོ་ཡིན་པ་ཚང་མས་ཤེས་ཀྱི་ཡོད།ཡིན་ནའང་གྲུབ་འབྲས་ཆེ་ཆུང་ཚང་མ་༧གོང་ས་མཆོག་གི་བཀའ་དྲན་ཡིན་ཞེས་མ་ལབ་ན་ཁ་བརྡུང་དང་འཁོན་འཛིན་བྱེད་པ་དེ། རིག་གནས་གསར་བརྗེ་སྐབས་སུ་ཧུར་བརྩོན་པ་དེ་ཚོས་མོའོ་ཙེ་ཏུང་གི་མིང་འཁྱེར་ནས་གཞན་ལ་འཐབ་རྩོད་དང་ངན་ཁ་དཀྲི་པ་དང་གཅིག་པ་རེད་སྙམ། གལ་སྲིད་བོད་མི་རྣམས་བཅོས་མིན་གྱི་༧གོང་ས་མཆོག་ལ་དད་པ་དང་མི་རིགས་ལ་ཤ་ཞེན་ཡོད་ན་༧གོང་ས་མཆོག་གི་མཛད་རྗེས་མུ་མཐུད་དར་རྒྱས་གོང་འཕེལ་གཏོང་ཐུབ་མཁན་རྣམས་ལ་རྒྱབ་སྐྱོར་དང་ཡི་རངས་བྱེད་དགོས།༧གོང་ས་མཆོག་གི་བཀའ་སློབ་ལ་ལོག་འགྲེལ་མེད་པར་དྲང་བདེན་གྱི་ཕྱག་ལས་གནང་དགོས། ཡིན་ནའང་།བཙན་བྱོལ་བོད་པ་ཁ་ཤས་ལ་མཚོན་ན་འཇོན་ཐང་ཅན་ཚོ་ཁོ་ཚོའི་མིག་ནང་གི་ཚེར་མ་དང་སྙིང་ནང་གི་དུག་ཆུ་ཡིན། སོ་སོའི་གོ་གནས་བརྟན་སྲུང་དང་ཁེ་སང་རྒྱུན་གནས་ཐུབ་ཆེད་སོ་སོའི་ཕ་མ་ཡིན་ནའང་བཙོང་ཐུབ་མཁན་དེ་འདྲ་རེད་འདུག་སྙམ། གཅིག་བྱེད་ན་དེ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཉམས་གོད་འགྲོ་རྒྱུ་ཡིན་པའི་སྔོན་བལྟས་དང་། བོད་མི་བོད་སར་འདུག་མི་ཐུབ་པའི་ཡ་ང་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གཙོ་བོ་དེའང་ལོས་ཡིན།
མི་མང་པོས་སྲིད་སྐྱོང་བློ་བཟང་སེང་གེའི་ཕྱི་ཚུལ་གྱི་རྫིག་ཉམས་མཐོང་པས་ཁོང་ཕྱུག་པོ་ཞིག་ཡིན་རྒྱུ་དང་། ཁོང་ནི་དཔལ་འབྱོར་གསོ་སྒྲུབ་ལ་མཁས་པའི་འབྱོར་ལྡན་ཞིག་ཡིན་པ་སེམས་སྲིད། དོན་དངོས་ཐོག་ཁོང་ནི་སྒོར་མོ་ལ་རིན་ཐང་སྤྲོད་དེ་སྒོར་མོའི་བྲན་གཡོག་འོག་རྒྱུགས་མཁན་ཞིག་གཏན་ནས་མིན། ཁོང་གི་སོ་སོའི་གཞུང་འབྲེལ་ཕྱི་བསྐྱོད་ཀྱི་ཉིན་དོད་ཡན་ཆད་གཞུང་དོན་ཆེད་གཏོང་གི་ཡོད། བོད་མི་མང་ཆེ་བས་ཤེས་རྒྱུ་མ་རེད།བོད་ཀྱི་འཐབ་རྩོད་ལ་དགོས་པའི་རྒྱབ་སྐྱོར་ནི་མི་དང་མིའི་དབར་འབྲེལ་བ་དམ་གཟབ་བཙུགས་སྟེ་བྱུང་བ་ཞིག་ཡིན། དེའི་རྐྱེན་པས་ཁོང་གི་གནད་ཡོད་མི་སྣ་མང་པོ་དང་འབྲེལ་བ་བྱེད་དགོས། མཉམ་དུ་ཁ་ལག་ཟ་དགོས། ཚིགས་ཇ་འཐུང་དགོས།ལག་རྟགས་འཕུལ་དགོས། དེ་དག་ལ་འགྲོ་སོང་གཏོང་དགོས། འོན་ཀྱང་བཀའ་ཤག་གི་དངུལ་རྩིས་ནང་སྲིད་སྐྱོང་ལ་དེ་ལྟར་འགྲོ་གྲོན་གཏོང་པའི་དམིགས་བསལ་རྩིས་སྒོ་ཞིག་མེད་པ་རེད། འགྲོ་སོང་ཡོད་ཚད་སོ་སོས་སྒེར་དངུལ་གཏོང་གི་ཡོད། གནས་ཚུལ་དེ་དག་ཁོང་གི་སྒེར་དྲུང་དང་སྐུ་སྲུང་། ད་དུང་འབྲེལ་བ་གཟབ་པའི་མི་ཁ་ཤས་ཤིག་གིས་མ་གཏོགས་ཤེས་ཀྱི་མེད།ཡིན་ནའང་ཁོང་གིས་ནམ་ཡང་ཡུས་བཤད་མྱོང་མེད་པ་རེད། མི་ལོ་བཅུའི་རིང་ཁོང་གིས་ཡོད་ཚད་མི་རིགས་འདིའི་འཐབ་རྩོད་དང་མི་དམངས་ཀྱི་བདེ་སྡུག༧གོང་ས་མཆོག་ལ་ཞབས་ཞུ་ཞུ་ཆེད་བློས་གཏོང་བྱས།སོ་སོའི་ཁྱིམ་ཚང་ལ་ལྟ་རྟོག་བྱས་མ་ཐུབ།སོ་སོའི་ཨ་མ་ལ་སྲི་ཞུ་སྒྲུབ་པའི་གོ་སྐབས་མང་པོ་མ་བྱུང་།སོ་སོའི་གཟའ་ཟླ་མཉམ་དུ་བརྩེ་དུང་གི་མངར་ཁ་མྱོང་བའི་དུས་ཚོད་ཧ་ཅང་ཉུང་།སོ་སོའི་བུ་མོ་ལ་བྱམས་སྐྱོང་བྱེད་པའི་དུས་ཚོད་འདང་ངེས་ཤིག་ཡོད་མ་མྱོང་།མཚམས་རེར་ངས་ཁོང་ལ་ཁྱེད་ཀྱིས་སྲིད་སྐྱོང་གི་འགན་ཡག་པོ་འཁུར་ཐུབ་ནའང་ཁྱིམ་ཚང་གི་འགན་ཡག་པོ་འཁུར་ཐུབ་མི་འདུག་ཅེས་ཀུ་རེ་དང་སྦྲགས་ཐེངས་ཁ་ཤས་བཤད་མྱོང་།གྲོགས་པོ་ཞིག་གིས་ཁོང་ལ་ཁྱེད་ཀྱི་ཨ་རིའི་ཁང་པའི་ནང་ཆས་དེ་ཚོ་རྙིང་ཧྲུལ་ཐེབས་ནས་བརྗེ་རན་འདུག ཁྱེད་རང་གིས་ཁྱིམ་ཚང་ལའང་དོ་སྣང་དང་དུས་ཚོད་ཏོག་ཙམ་གཏོང་ན་ཡག་པོ་འདུག་ཅེས་ཁ་བརྡའང་བྱས་མྱོང་ཡོད།ཁོང་ལྟ་བུའི་མཁས་དབང་དང་འཇོན་ཐང་ཅན་ཞིག་གིས་སོ་སོའི་ཁྱིམ་ཚང་ཆེད་ལོ་བཅུ་རིང་དེ་ལྟར་དཀའ་ལས་ཤིག་རྒྱབ་ཡོད་ན།ད་ལྟ་ཁྱིམ་ཚང་གི་གནས་སྟངས་གཞན་འགྲན་མི་ཆོག་པ་ཞིག་གྱུར་ཡོད་པར་ཐེ་ཚོམ་ག་ལ་དགོས།མཚན་གནས་དང་ལས་དོན་རྐྱེན་པས་ངའང་རྒྱལ་ཁབ་མང་པོར་འགྲོ་མྱོང་ཡོད།དཔོན་རིགས་མང་པོ་དང་ཐུག་མྱོང་ཡོད།སྲིད་སྐྱོང་བློ་བཟང་སེང་གེ་ལ་བསྟོད་བསྔགས་དང་གདེང་འཇོག་བྱེད་མཁན་མང་པོ་མཐོང་མྱོང་།ཐེངས་ཤིག་ང་ཉི་ཧོང་ལ་འགྲོ་སྐབས།ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་པོ་དང་ཐུགཁོང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཆེ་མཐོང་དང་གདེང་འཇོག་ཆེན་པོ་འདུགདེའི་ནང་གྲོས་ཚོགས་འཐུས་མི་ཞིག་གིས་གལ་སྲིད་བོད་པའི་ནང་༧གོང་ས་མཆོག་ལ་ཕྱག་རོགས་ཞུ་མཁན་སྲིད་སྐྱོང་བློ་བཟང་སེང་གེ་ལྟ་བུའི་མི་༢༠ཡོད་ན།ཁྱོད་ཚོ་དཀའ་རྙོག་དེ་ལས་སླ་པོ་སེལ་ཐུབ་རྒྱུ་རེད་ཟེར།ངས་ཁོང་ལ་རེད་རེད་ཅེས་ཞུས་པ་ལས།སེམས་ནང་བོད་པ་མང་པོས་སོ་སོའི་ལག་ཏུ་ཡོད་པའི་ནོར་བུ་ལ་ནོར་ངོ་ཆོད་ཀྱི་མེད་པ་ཁོང་ཚོས་ག་ལ་ཤེས་དྲན།
ཁ་སང་ཁོང་གི་ལས་ཡུན་ལོ་བཅུའི་རིང་གི་ཕྱག་ལས་ལ་བོད་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ཏེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆེས་མཐོའི་ངོས་འཛིན་ཐོབ་ཏེ་རྒྱལ་ཁ་དང་གཟི་བརྗིད་ངང་ཁོང་དྷ་ས་དང་ཁ་བྲལ་ནས་ཕེབས་སོང་།ཁོང་གནམ་ཐང་ནང་འཛུལ་བའི་རྒྱབ་གཟུགས་དེ་མཐོང་དུས་ངའི་སེམས་ནང་སྐྱོ་གདུང་འཕྱུར་ཞིང་རླབས་ཆེན་གྱི་བོད་པའི་ཕོ་རྒོད་ཅིག་གི་སྣང་བརྙན་དེའི་བརྗིད་ཉམས་ཀྱང་དེ་བས་ངོ་མཚར་ལྡན་པ་གྱུར།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།