ཟླ་༩ ཚེས་༧ ཉིན། བྷུ་བ་ནེ་ཤྭར།དགེ་རྒན་ཆེན་མོ་ཌོག་ཊར་ཨ་ཅྱ་ཏ་ས་མན་ཏ་(Prof. Dr. Achyuta Samanta) མཆོག་གིས་གསར་འཛུགས་གནང་བའི་ཀ་ལིང་ག་སྤྱི་ཚོགས་ཚན་རིག་སློབ་གླིང་(Kalinga Institute of Social Sciences – KISS) གིས་མཁས་དབང་བློ་བཟང་སེང་གེ་མཆོག་གསུང་བཤད་གནང་བར་གདན་ཞུ་ཕུལ་ཡོད།
ཟླ་༩ ཚེས་༧ ཉིན་གྱི་ཞོགས་པར། ཀ་ལིང་ག་སྤྱི་ཚོགས་ཚན་རིག་སློབ་གླིང་གི་སློབ་མ་ཚོས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་དགའ་བསུ་ཞུས་ཏེ། སློབ་མ་༤༠༠༠ ཙམ་གྱིས་སྨོན་ལམ་འདོན་བཞིན་པའི་སྨོན་ལམ་ཚོགས་ཁང་ཆེན་མོར་ཕེབས་རོགས་ཞུས་ཡོད། ཁོང་གིས་སྨོན་ལམ་ཚོགས་ཁང་ལ་གཟིགས་སྐོར་གནང་བ་དང་། དེར་ཡོད་པའི་སློབ་མ་ཚོར་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་མཉམ་སྤྱོད་གནང་རྒྱུའི་རེ་ཞུ་ཕུལ་ཡོད།
མཁས་དབང་བློ་བཟང་སེང་གེ་མཆོག་གིས་གྲོང་གསེབ་ཆུང་ངུ་ཞིག་ནས་ཧར་ཝརྡ་གཙུག་ལག་སློབ་ཆེན་བར་གྱི་སློབ་གཉེར་བགྲོད་ལམ་དང་། དེ་རྗེས་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་དུ་འགྱུར་བའི་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་སློབ་མ་ཚོར་མཉམ་སྤྱོད་གནང་།
ཁོང་གིས་སློབ་མ་ཚོར་རང་ཉིད་ཀྱི་རྨི་ལམ་དང་དམིགས་ཡུལ་འགྲུབ་པའི་ཆེད། སློབ་གཉེར་ལ་འབད་བརྩོན་དང་ལས་དོན་ལ་སེམས་ཤུགས་ཆེན་པོས་འབད་པ་བྱེད་དགོས་པའི་སྐུལ་མ་གནང་། ཁོང་གིས་རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་ཡང་སློབ་མ་ཚོ་དང་འདྲ་བའི་གནས་བབ་ཅིག་ནས་འགོ་བཙུགས་པ་ཡིན་པ་དང་། དེར་དམིགས་བསལ་གྱི་ཁྱད་པར་གང་ཡང་མེད་པ་གསུངས།
མཐར་ཐུག་ན། མི་ཚེའི་ནང་གྲུབ་འབྲས་ཐོབ་པར་གལ་ཆེ་ཤོས་ནི་འབད་བརྩོན་དང་ཆོད་སེམས་ཡིན་པ་ནན་བཤད་གནང་།
གསུང་བཤད་ཀྱི་མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཀ་ལིང་ག་སྤྱི་ཚོགས་ཚན་རིག་སློབ་གླིང་གི་འཛིན་སྐྱོང་ཕྱོགས་ནས་སློབ་མ་ཚོར་མཁོ་སྤྲོད་གནང་བའི་སློབ་གཉེར་དང་འཚོ་བའི་སྒྲིག་ཆས་དང་མཐུན་རྐྱེན་ཁག་ལ་བསྔགས་བརྗོད་གནང་སྟེ་གསུང་བཤད་མཇུག་བསྡུས་ཡོད།
