རྒྱ་ནག་ལ་ད་ཆ་“མཛུབ་མོ་བཅུའི་ཐབས་ཇུས་”ཡོད་པ།

ཟླ་༩ ཚེས་༢༢ ཉིན། ༡༠༨ཞི་བདེ་ལྟེ་གནས། དང་པན་ཇབ་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་རིག་པའི་སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་“བོད་ཀྱི་ནང་པའི་ཡང་སྲིད་ངོས་འཛིན་ལམ་ལུགས། ཆོས་ལུགས་ཀྱི་སྲོལ་རྒྱུན་དང་། ས་ཁམས་ཆབ་སྲིད། འཛམ་གླིང་ཡོངས་ལ་ཐེབས་པའི་ཤུགས་རྐྱེན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གོ་སྒྲིག་ཞུས་ཡོད། གསུང་བཤད་དེར་སློབ་མ་དང་དགེ་རྒན་བསྡོམས་པས་མི་གྲངས་༨༠ ལྷག་ཞུགས་ཡོད།

གསུང་བཤད་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་གིས་གནས་ཚུལ་དང་བརྗོད་སྟངས་ཀྱི་ཁ་ཕྱོགས་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་གལ་གནད་ནན་བཤད་གནང་། ཁོང་གིས་རང་ཉིད་ཀྱིས་“རྒྱ་ནག་གི་མཛུབ་མོ་ལྔའི་ཐབས་ཇུས་”ཞེས་པའི་གནད་དོན་ཐོག་གནས་ཚུལ་གྱི་བརྗོད་སྟངས་ལ་ཤུགས་རྐྱེན་སྤྲད་པའི་དཔེ་ཞིག་བཞག་གནང་།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་སློབ་མ་ཚོར་རང་རང་གི་ཁ་པར་བརྒྱུད། འདས་པའི་ལོ་བཅུའི་རིང་གསར་འགྱུར་ལམ་ཁག་ཏུ་“རྒྱ་ནག་གི་མཛུབ་མོ་ལྔའི་ཐབས་ཇུས་”ཀྱི་སྐོར་ལུང་འདྲེན་མང་ཤོས་བྱས་པའི་མི་སྣ་སུ་ཡིན་མིན་འཚོལ་ཞིབ་བྱེད་དུ་བཅུག་གནང་། འཚོལ་ཞིབ་ཀྱི་འབྲས་བུ་མཐོང་རྗེས། སློབ་མ་ཚོས་དེར་དགའ་མོས་དང་བསྔགས་བརྗོད་བྱས་ཡོད།

མཁས་དབང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གིས་ས་མཚམས་བརྒལ་ནས་བཙན་འཛུལ་བྱེད་ཐེངས་རེར། ངས་དེ་ནི་རྒྱ་ནག་གི་“མཛུབ་མོ་ལྔའི་ཐབས་ཇུས་”ཀྱི་ཆ་ཤས་ཤིག་ཡིན་ཞེས་རྒྱུན་དུ་བཤད་ཀྱི་ཡོད། ད་ཆ་ཐབས་ཇུས་འདི་གསར་འགྱུར་ལམ་ཁག་དང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཁག་གི་ཁྲོད་རྒྱུས་མངའ་ཆེན་པོ་ཡོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་གསུངས།

དེར་བརྟེན། ཁོང་གིས་གལ་ཏེ་ཁྱེད་ཚོས་མི་སྒེར་གཅིག་གིས་འགྱུར་བ་བཟོ་མི་ཐུབ་ཅེས་བསམ་གྱི་ཡོད་ན། ང་རང་གི་ཉམས་མྱོང་འདི་ནི་མི་སྒེར་གཅིག་གིས་ཀྱང་འགྱུར་བ་བཟོ་ཐུབ་པའི་དཔེ་མཚོན་ཞིག་ཡིན་ཞེས་གསུངས།

དེ་མིན། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ད་ཆ་རྒྱ་ནག་ལ་“མཛུབ་མོ་བཅུའི་ཐབས་ཇུས་”ཞེས་པ་ཞིག་ཡོད་པའི་དགོངས་ཚུལ་བཏོན་གནང་། ཁོང་གིས་པ་ཀི་སི་ཐན་དང་། ཤྲཱི་ལངྐ། བྷང་ལ་དེ་ཤི། ཨབ་གྷ་ནི་སི་ཐན། མལ་དིབས་བཅས་ཀྱི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དེས། རྒྱ་གར་ཨེ་ཤེ་ཡའི་སྟོབས་ཆེན་ཨང་དང་པོར་འགྱུར་རྒྱུར་བཀག་འགོག་དང་ཚོད་འཛིན་སྔར་ལས་ཆེ་བ་བཟོ་བཞིན་ཡོད་པའི་དགོངས་ཚུལ་བཏོན།

གསུང་བཤད་ཀྱི་མཇུག་ཏུ་མཁས་དབང་བློ་བཟང་སེང་གེ་མཆོག་དང་ཚོགས་ཞུགས་པ་ཚོའི་བར་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་རེས་གནང་སྟེ་མཛད་སྒོ་མཇུག་བསྡུས་ཡོད།

མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་རྟེན་དུ་“Voice for the Voiceless” ཞེས་པའི་དེབ་གཅིག་པན་ཇབ་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་རིག་པའི་སྡེ་ཚན་གྱི་འགན་འཛིན་དགེ་རྒན་ཆེན་མོ་ནབ་ཇོཏ་(Prof. Navjot) མཆོག་ལ་ཕྱག་རྟགས་སུ་ཕུལ་གནང་།