ཁྲིམས་དོན་སློབ་མ་ཚོས་རིག་ཚན་སྣ་མང་མཉམ་འདུས་ཀྱི་སློབ་ཚན་ཁག་ལ་དོ་སྣང་བྱེད་དགོས།

ཟླ་༩ ཚེས་༢༣ ཉིན། ཌོག་ཊར་བྷི་ཨར་ཨམ་བེད་ཀར་རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་སློབ་ཆེན་(Dr. BR Ambedkar National Law University) གྱིས་“འགྱུར་བ་ཆེན་པོའི་བཞི་མདོར་སླེབས་པའི་ཁྲིམས་ཀྱི་དབང་སྒྱུར་” (Rule of Law at a Transformative Crossroads) ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གཙོ་བོའི་གསུང་བཤད་པར་གདན་ཞུ་གནང་ཡོད། ཚོགས་ཆེན་དེར་དྲ་ཐོག་ནས་མཉམ་ཞུགས་གནང་མཁན་ཚུད་པའི་མི་གྲངས་༢༠༠ ལྷག་ཞུགས་ཡོད།

ཌོག་ཊར་བྷི་ཨར་ཨམ་བེད་ཀར་རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་སློབ་ཆེན་གྱི་རིགས་བདག་དགེ་རྒན་ཆེན་མོ་སིངྒ་(Prof. Singh) མཆོག་གིས། དུས་ཡུན་ཐུང་ངུའི་སྔོན་བརྡ་ཙམ་ལས་མེད་ཀྱང་། མཁས་དབང་བློ་བཟང་སེང་གེ་མཆོག་ཚོགས་ཆེན་དེར་ཕེབས་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་རང་ཉིད་ལྡི་ལིའི་ཁྲིམས་དོན་སློབ་གླིང་ནས་ཧར་ཝརྡ་ཁྲིམས་དོན་སློབ་གླིང་བར་གྱི་ཤེས་ཡོན་སློབ་གཉེར་གྱི་བགྲོད་ལམ་གླེང་སྟེ་གསུང་བཤད་འགོ་འཛུགས་གནང་། ཁོང་གིས་ལྡི་ལིའི་ཁྲིམས་དོན་སློབ་གླིང་དུ་ཡོད་སྐབས། སྐུ་ཞབས་ཅོའུ་དྷ་རི་(Mr. Choudhary) ཡིས་ཁོང་ལ་ཧར་ཝརྡ་ཁྲིམས་དོན་སློབ་གླིང་དུ་འཛུལ་ཞུགས་བྱེད་རྒྱུའི་སྐུལ་ལྕག་དང་སེམས་ཤུགས་སྤྲད་པའི་ཉམས་མྱོང་དྲན་གསོ་གནང་།

དེ་བས་གལ་ཆེ་བ་ཞིག་ལ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཁྲིམས་དོན་སློབ་མ་ཚོར་མ་འོངས་པར་ཕྱོགས་ཡོངས་ཀྱི་ཤེས་ཡོན་དང་ནུས་པ་ལྡན་པའི་འགོ་ཁྲིད་ཅིག་ཏུ་འགྱུར་འདོད་ཡོད་ཚེ། རིག་ཚན་གཅིག་ཁོ་ནར་མ་བརྟེན་པར། རིག་ཚན་སྣ་མང་མཉམ་འདུས་ཀྱི་སློབ་ཚན་ཁག་ལ་དོ་སྣང་དང་སློབ་གཉེར་བྱེད་དགོས་པའི་སྐུལ་མ་གནང་།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་རང་ཉིད་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་གི་འགན་བཞེས་སྐབས་ཀྱི་ཉམས་མྱོང་ཡང་བསྐྱར་གླེང་གནང་། ཁོང་གིས་དུས་སྐབས་དེར་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཡིན་ནའང་འདྲ། དངུལ་རྩིས་དང་འབྲེལ་བའི་ལས་དོན་ཡིན་ནའང་འདྲ། ལས་དོན་གྱི་ཕྱོགས་ཡོངས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་དགོས་བྱུང་བའི་སྐོར་གསུངས།

དེར་བརྟེན། ཁོང་གིས་གལ་ཏེ་ཁྱེད་རང་ཚོ་མ་འོངས་པར་འགོ་ཁྲིད་ཡག་པོ་ཞིག་ཏུ་འགྱུར་འདོད་ཡོད་ན། གལ་གནད་ཆེ་བའི་ལས་དོན་དང་གནད་དོན་ཁག་གི་ཕྱོགས་ཡོངས་ལ་ཤེས་རྟོགས་བྱེད་དགོས་པ་ནན་བཤད་གནང་།

གསུང་བཤད་མཇུག་ཏུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་“Voice for the Voiceless” ཞེས་པའི་དེབ་གཅིག་ཌོག་ཊར་བྷི་ཨར་ཨམ་བེད་ཀར་རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་སློབ་ཆེན་གྱི་རིགས་བདག་དགེ་རྒན་ཆེན་མོ་སིངྒ་མཆོག་ལ་ཕྱག་རྟགས་སུ་ཕུལ་གནང་།