༢༠༢༥ཟླ་༩ཚེས་༡༢ཉིན།༡༠༨ཞི་བདེ་ལྟེ་གནས་ཀྱི་རྒྱ་གར་གྲོང་ཁྱེར་ཀོ་ལ་ཀ་ཏཱ་ལ་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།ལས་རིམ་འདི་ནི་ Swami Vivekananda Universityམཐོ་སློབ་དང་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཀྱང་ཡིན།ཐེངས་འདིའི་ལས་རིམ་ཆེད་༡༠༨ཞི་བདེ་ལྟེ་གནས་ཀྱི་ཚོགས་གཙོ་དང་།བོད་ཀྱི་སྲིད་སྐྱོང་ཟུར་པ།ཧཱ་ཝ་མཐོ་སློབ་ཀྱི་དགེ་རྒན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད་པ་དང་།ཁོང་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་ལམ་ལུགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
.མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེ་སྔ་བོད་ཀྱི་ལོ་རྒྱུས་ཁྲོད་བྷེན་གཱལ་དང་བོད་གཉིས་འབྲེལ་བ་དམ་གཟབ་ཡོད་པ་དང་།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱའང་བྷེན་གཱལ་ནས་ཡིན་པ་དང་།དུས་རབས་བཅུ་གཅིག་ནང་ཁོང་བོད་ལ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བརྐྱངས་པ་མ་ཟད།བོད་མི་རིགས་ཀྱི་ལོ་རྒྱུས་ནང་གསུབ་ཏུ་མེད་པའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་སྐོར་གསུངས།ཁོང་གིས་མུ་མཐུད་རྒྱ་གར་གྱི་རྒྱལ་གླུའི་རྩོམ་པ་པོ་དང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མཁས་དབང་རཱ་བྷེན་དྷ་ར་ནཱཐིའང་བྷེང་གཱལ་ནས་ཡིན་པ་དང་།མཁས་དབང་ཁོང་ནི་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་གཟབ་ཅིང་ཁོང་གིས་ཨི་ཊ་ལིའི་བོད་རིག་པའི་མཁས་དབང་སོགས་གདན་ཞུས་བྱས་ནས་བགྲོ་གླེང་བྱས་པའི་ལོ་རྒྱུས་ལ་འགྲེལ་བརྗོད་གནང་པ་དང་།མ་ཚད།མཁས་དབང་ཁོང་ཉིད་བོད་རིགས་ཚོང་པ་འཛོམས་སའི་ས་གནས་ཀ་ལིང་པོ་ལ་ཕེབས་ཡོད་སྐོར་ཀྱང་འགྲེལ་བརྗོད་གནང་སོང་།དེ་ནི་བྷེང་གཱལ་མི་རིགས་ནི་ཤེས་འཇོན་ལྡན་པའི་མི་སྣ་གསོ་སྐྱོང་དང་འཚར་ལོངས་བྱེད་ས་ཞིག་ཡིན་སྐོར་གསུངས།

མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་གནང་པ་དང་།ཁོང་གིས་དེ་སྔ་རྒྱ་གར་གཞུང་གི་རྒྱ་ནག་ལ་ཡིད་ཆེས་ཆེན་པོ་བྱས་ནས།ཕན་ཚུན་དོན་ཚན་ལྔ་ཅན་གྱི་ཆིངས་ཡིག་འཇོག་ནས་འབྲེལ་བ་དང་ཟབ་གཏོང་རྒྱུའི་གྲ་སྒྲིག་བྱས་ནའང་།རྒྱ་ནག་གིས་རྒྱ་གར་གཞུང་ལ་མགོ་སྐོར་བཏང་ནས།མཐར་ཕྱི་ལོ་༡༩༦༢ལོར་རྒྱ་གར་ས་མཚམས་སུ་བཙན་འཛུལ་བྱས་ནས་རྒྱ་གར་ལ་གྱོང་གུད་ཆེན་པོ་རག་ཡོད་སྐོར་གསུངས།ཕྱི་ལོ་༢༠༢༠་ལོར་རྒྱ་ནག་གིས་སླར་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་དག་ལ་སྣང་མེད་བཏང་ནས་རྡོ་ལམ་སོགས་རྒྱ་གར་གྱི་ས་མཚམས་ལ་བཙན་འཛུལ་བྱས་ལུགས།རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་རྒྱུས་ལས་སློབ་སྦྱོང་ལེན་ནས་མ་འོངས་པར་རྒྱ་ནག་གི་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་སྐོར་གསུངས་པ་མཟད།གལ་སྲིད་རྒྱ་ནག་གིས་རྒྱ་གར་ལ་ལག་པ་གཏོང་སྐབས།ངེས་པར་ཏུ་རྒྱ་ནག་གི་ལག་པའི་ནང་ཉེས་ཁ་ཆེ་བའི་ཇུས་ངན་ཞིག་ཡོད་པ་རྟོགས་དགོས་ཞེས་གནན་བརྗོད་གནང་ཡོད།
དེ་ནས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་ཏུ་ཡོང་དགོས་བྱུང་ནའང་།༧གོང་ས་མཆོག་གི་དབུ་ཁྲིད་འོག་རྒྱ་གར་ལ་བོད་གཞུང་གསར་འཛུགས་གནང་པ་དང་།བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དེ་ཉིད་ཡང་དག་པའི་དམངས་གཙོའི་ལམ་བུའི་ཐོག་ཁྲིད་པ་མ་ཟད།དམངས་གཙོ་ཀ་བ་གསུམ་ལྡན་ཞིག་འཛུགས་ནས་འཛམ་གླིང་ནང་སྐྱབས་བཅོལ་གཞུང་འདྲ་འདྲ་ནང་གི་མི་འདྲ་བ་ཞིག་ཏུ་བསྒྱུར་ཡོད་སྐོར་དང་།དེང་སང་བཙན་བྱོལ་བོད་མིའི་ནང་རྒྱ་ཆ་༩༦ཙམ་ནི་ཤེས་ཡོན་མི་སྣ་ཡིན་པ་དང་།འཛམ་གླིང་རྒྱལ་ཁབ་༡༣ཙམ་ལ་བོད་ཀྱི་དོན་གཅོད་ཡོད་པ་མ་ཟད།ནང་ཤེས་འཕོད་གསུམ་བཅས་ལྷན་ཁང་ཁག་བདུན་ཡོད་པ་དང་།སློབ་གྲྭ་དང་དགོན་སྡེ་བཅས་གནའ་དེང་ཤེས་ཡོན་གྱི་ཚོགས་སྡེ་མང་པོ་ཡོད་སྐོར་གསུངས།
ཁོང་གིས་མུ་མཐུད་འདས་པའི་ལོ་༣༠ནང་།རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས་དམངས་གཙོ་གོང་འཕེལ་གཏོང་པར་ཨ་སྒོར་ཐེ་འབུམ་༢ནས་༡༠བར་འགྲོ་གྲོན་ཆེན་པོ་བཏང་ཡོད་པ་དང་།དེའི་ཐོག་འབད་བརྩོན་གནང་ཡོད་ནའང་།དོན་ཕན་ལྡན་པའི་ནུས་པ་དེ་ཙམ་འདོན་ཐུབ་མེད་པས།ད་ཆར་འཛམ་གླིང་ནང་དམངས་གཙོ་མིན་པའི་རྒྱལ་ཁབ་ཇེ་མང་དང་།མི་དམངས་མང་པོ་དམངས་གཙོ་ལ་ཡིད་ཆེས་ཆུང་དུ་གྱུར་ཡོད་པ་ཡིན་སྐོར་གསུངས།
འདི་ལྟ་བུའི་དུས་ཚོད་གཉན་འཕྲང་ཅན་དུ།ང་ཚོས་ངེས་པར་ཏུ་དམངས་གཙོ་ལེགས་བཅོས་དང་རྒྱུན་འཁྱོང་བྱེད་པར་སྔ་ལྷག་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་དང་།རྒྱུ་མཚན་དེའི་དབང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལག་བསྟར་སོགས་ཀྱིས་མི་མང་པོ་ལ་མིག་དཔེ་ཡོང་གི་ཡོད་པའི་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་སྐོར་ཀྱང་གསུངས་སོང་། ཁོང་གིས་མུ་མཐུད་དེང་སང་མི་མང་པོ་རྒྱ་ནག་ལ་རྒྱུས་ལོན་བྱེད་རྒྱུ་ཐབས་ཤེས་གཏོང་གི་ཡོད་མོད།ཁོང་ཚོས་ཤེས་ཀྱི་མེད་པ་ཞིག་ནི།རྒྱ་ནག་ལ་ཆ་རྒྱུས་ལོན་དགོས་ན་ཐོག་མར་བོད་ཀྱི་གནས་དོན་ལ་ཆ་རྒྱུས་ལོན་དགོས་པ་ཞིག་ཡིན།གལ་སྲིད་བོད་ཀྱི་གནས་དོན་ལ་ཆ་རྒྱུས་ཡག་པོ་ལོན་ཐུབ་ན།རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་དང་དམིགས་ཡུལ།ཐབས་ཇུས་བཅས་ལ་རྒྱུས་ལོན་ཆེན་པོ་ལོན་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
མཐར་སློབ་མ་རྣམས་ཀྱི་དྲི་བ་རྣམས་ལ་ལན་འདེབས་གནང་པ་དང་།མཐོ་སློབ་ཀྱི་འབྲེལ་ཡོད་ལས་སྣེ་རྣམས་ཀྱིས་མཁས་དབང་བློ་བཟང་སེང་གེ་ལགས་ལ་ཆེ་བསྟོད་དང་དྲན་རྟེན་དུ་ལག་རྟགས་ཀྱང་ཕུལ་ཡོད།
