༢༠༢༦ཟླ་༣ཚེས་༩ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་Panjab མཐོ་སློབ་གཉིས་མཉམ་འབྲེལ་ཐོག དྲྭ་རྒྱ་བརྒྱུད་སྙིང་རྗེའི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག དྲྭ་ཐོག་བགྲོ་གླེང་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས། ལས་རིམ་དེའི་ཐོག་མཐོ་སློབ་ཀྱི་དགེ་ལས་སློབ་མ་མང་པོས་ཆ་ཤས་བླངས་ཡོད་པ་རེད།
ལས་རིམ་དེའི་མགྲོན་གྱི་གཙོ་བོ་དགེ་བཤེས་བསྟན་འཛིན་ཚེ་ལེགས་ལགས་ཆེད་ཕེབས་གནང་ཡོད་པ་དང་། ཁོང་ནི་བོད་ཀྱི་སཱ་ར་མཐོ་སློབ་ཀྱི་དགེ་རྒན་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གནས་སྐོར་ལ་བྱང་ཆ་ལྡན་པའི་ཤེས་ལྡན་མི་སྣ་ཞིག་རེད།
དགེ་བཤེས་ལགས་ཀྱིས་སྙིང་རྗེ་ལྡན་ན་དགེ་མཚན་ཅི་ཡོད་དང་། དེའི་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ཡོན་ཇི་ལྟར་ཡོད་མེད་སྐོར་དཔེ་མཚོན་དང་བཅས་འགྲེལ་བརྗོད་རྒྱས་པ་ཞིག་གནང་ཡོད། དེ་ནས་ཁོང་གིས་སྙིང་རྗེ་ནི་བདག་གཅེས་འཛིན་གྱི་བསམ་བློ་དེ་ཉིད་གཞན་གཅེས་འཛིན་ནམ། བདག་གཞན་གཉིས་ཕན་གྱི་བསམ་བློ་ལ་སྒྱུར་ཐུབ་པའི་འབྲས་བུ་ཡིན་པ་དང་། བདག་འཛིན་གྱི་ཆགས་སེམས་དེ་ཉིད་མེད་པ་དང་ཆུང་དུ་གཏོང་ཐུབ་ན། རང་ཉིད་ལ་སྙིང་རྗེའི་བསམ་བློའི་སྟོབས་ཤུགས་ཀྱང་ཇེ་ཆེར་འགྲོ་རྒྱུ་ཡིན་སྐོར་གསུངས། དེ་ནས་ཁོང་གིས་སྙིང་རྗེ་དང་བྱམས་སེམས་ཡོང་པར་སྙིང་རྗེའི་རྨང་གཞི་འདིངས་པའི་ཟབ་སྦྱོང་Cognitively-Based Compassion Training (CBCT) དང་སྤྱི་ཚོགས་ཚོར་བའི་བཟང་སྤྱོད་སློབ་གསོ་ Social Emotional and Ethical (SEE) Learning་བཅས་ཀྱིས་ཕན་ཐོགས་ཡོད་སྐོར་གསུངས་པ་དང་། མི་དམངས་ཚང་མས་དེ་ལ་དོ་སྣང་གནང་དགོས་པའི་འབོད་བསྐུལ་གནང་།
སྙིང་རྗེ་ཡི་བསམ་བློ་ནི་མཚམས་རེར་ང་ཚོས་དཀའ་ངལ་ལ་དགོངས་བའི་བསམ་བློ་དེ་ཉིད་གོ་སྐབས་ཐོབ་སོང་བསམ་པའི་བསམ་བློ་འདུ་ཤེས་སུ་སྒྱུར་ཐུབ་ནའང་ཡོང་གི་ཡོད་པ་དང་། ང་ཚོས་མི་ཚང་མས་སོ་སོ་རང་ཉིད་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དཀའ་ངལ་འདྲ་འཕྲད་དུས། དེ་ལ་དཀའ་ངལ་རང་ངོས་འཛིན་ཐོག་རང་ཉིད་གུ་སུབ་དོད་པོ་བྱེད་ཀྱི་ཡོད་པ་དང་། གལ་སྲིད་དཀའ་ངལ་དེ་སོ་སོ་སྦྱོང་བརྡ་བྱེད་པའི་གོ་སྐབས་ཤིག་ལ་ངོས་འཛིན་ཐུབ་ཚེ། དཀའ་ངལ་དེ་དཀའ་ངལ་ལ་མ་མཐོང་པར། དེ་ནི་སྤྲོ་སྣང་ལྡན་པའི་མི་ཚིའི་གོ་སྐབས་ཤིག་རེད་བསམ་པའི་བསམ་བློ་ཡོང་པས། སྙིང་རྗེའང་རང་བཞིན་གྱི་ཡོང་གི་ཡོད་སྐོར་གསུངས།
དགེ་བཤེས་ལགས་ཀྱི་མུ་མཐུད། མི་མང་པོས་སྙིང་རྗེ་ལྡན་པ་ཞིག་བྱེད་ན། མི་ཚོས་ཁེ་སང་ཟ་ནས་རང་ཉིད་ལ་གྱོང་གུད་རག་གི་ཡོད་པ་དང་། དེ་ལས་སྙིང་རྗེ་མེད་པར་སྤྱི་ཚོགས་ནང་འཚོ་སྡོད་བྱ་ན། སོ་སོའི་འཚོ་བ་དང་འགྲོ་འདུག་བསྐྱོད་གསུམ་ལ་དཀའ་ངལ་ཡོང་གི་མ་རེད་བསམ་པའི་ནོར་འཁྲུལ་ཅན་གྱི་བསམ་བློའང་ཡོད་པ་རེད།དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་པ་དང་། ང་ཚོས་ངེས་པར་ཏུ་རྙིང་རྗེ་ལྡན་པའི་སྤྱི་ཚོགས་ནི་ཞི་བདེ་ལྷིངས་འཇགས་ལྡན་པའི་སྤྱི་ཚོགས་ཤིག་ཡོང་པའི་རྨང་གཞི་ཡིན་པ་མཁྱེན་དགོས་སྐོར་འགྲེལ་བཤས་བརྒྱབ་གནང་སོང་།མཐར་དགེ་བཤེས་ལགས་ཀྱིས།
ཇི་སྲིད་ནམ་མཁའ་གནས་པ་དང་།།
འགྲོ་བ་ཇི་སྲིད་གནས་གྱུར་པ།།
དེ་སྲིད་བདག་ནི་གནས་གྱུར་ནས།།
འགྲོ་བའི་སྡུག་བསྔལ་སེལ་པར་ཤོག་ཅེས་པའི་ཚིག་ཅད་དེ་འབྲངས་ནས་ལས་རིམ་མཇུག་སྒྲིལ།
