༢༠༢༦ཟླ་༢ཚེས་༦ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་མཱེ་སོར་MIT First Grade མཐོ་སློབ་གཉིས་མཉམ་འབྲེལ་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བདེན་པ་བཞིའི་སྐོར་བགྲོ་གླེང་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། ལས་རིམ་དེའི་ཆེ་བོད་ཀྱི་མཁས་དབང་དགེ་བཤེས་ལྷ་རྡོ་ལགས་ཆེད་དུ་གདན་འདྲེན་ཞུས་སྟེ་མཐོ་སློབ་ཀྱི་དགེ་ལས་རྣམས་ལ་གསུང་བཤད་གནང་ཡོད་པ་རེད།
དགེ་བཤེས་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་རྣམས་ངོ་སྤྲོད་གནང་པ་དང་། དེ་ནས་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཞི་བདེ་ལྷིངས་འཇགས་བསྐྲུན་པ་སྐུ་ལས་ག་རེ་བསྐྱོན་ཡོད་སྐོར་འགྲེལ་བརྗོད་གནང་། དེ་ནས་ཁོང་གི་སེམས་ཅན་ཐམས་ཅད་བདེ་བར་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། གྲོ་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས། མདོ་ན་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་གཅིག་གིས་གཅིག་ལ་རྗེས་འདེད་བྱེད་དེ་བདེ་བའི་ཆེད་དུ་རྒྱུགས་ཀྱི་ཡོད་སྐོར་གསུང་པས། ཚོགས་བཅར་བ་རྣམས་ཀྱང་དམིགས་བསལ་གྱི་སྤྲོ་སྣང་སླེབས།
དེ་ནས་ཁོང་གིས་དེང་གི་ཆ། འགྲོ་བ་མིའི་རིགས་ལ་ཕྱིའི་མཐུན་རྐྱེན་འཐུས་ཚང་ཡོད་ནའང་། ནང་སེམས་པའི་དཔལ་ཡོན་གྱིས་་མདང་གི་མེད་པས་སེམས་ཁམས་སློབ་གསོ་ནི་གལ་འགངས་ཆེ་ཞིང་མཁོ་དགོས་ཆེ་བ་ཡིན་སྐོར་གསུང་པ་དང་མཉམ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སེམས་དང་སྲོག་གི་སློབ་གསོ་དང་སེམས་ཁམས་རིག་པའི་སློབ་གསོ་སོགས་འཛམ་གླིང་ནང་མཐོ་སློབ་དང་སློབ་གྲྭ་ཆེ་ཆུང་མང་པོར་སློབ་ཀྱི་ཡོད་སྐོར་གསུངས།

དེ་ནས་དགེ་བཤེས་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་ཅིང་མི་རིགས་སྤྱིའི་བདེ་བ་དང་ལྷིངས་འཇགས་ལ་ཕན་པ་དང་དེའི་ཐད་ཞབས་འདེགས་ཞུ་ཡི་ཡོད་སྐོར་འགྲེལ་བརྗོད་གནང་། དེ་ནས་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་འགྲེལ་བརྗོད་ཀྱིས། རྙོག་ཟིང་ཆེ་བའི་འཇིག་རྟེན་འདིར་གཙོ་བོར་ཕན་ཚུན་ལ་བསམ་གཞིགས་དང་ཕན་ཚུན་གཅིག་གི་གཅིག་ལ་མ་བརྟེན་པར་འཚོ་ཐབས་བྲལ་བའི་བསམ་བློའི་འདུ་ཤེས་ཡོད་པའི་ཐོག་མི་རིགས་དབྱེ་མེད་དང་ཕོ་མོ་འདྲ་མཉམ་ཐོག་འབད་བརྩོན་བྱེད་དགོས་སྐོར་འབོད་སྐུལ་གནང་། མཐར་ཁོང་གིས་དགེ་ལས་རྣམས་ཀྱི་དྲི་བ་དག་ལ་ལན་འདེབས་བྱས་རྗེས་ལས་རིམ་རྒྱལ་ཁ་ངང་འགྲུབ།
