ཕྱི་ལོ་༢༠༢༥ཟླ་༩ཚེས་༡༦ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩིས་བྱེད་ཆེད་མཐོ་སློབ་སྐོར་བསྐྱོད་བྱེད་པའི་ལས་རིམ་ཁྲོད། ༡༠༨ཞི་བདེ་ལྟེ་གནས་དང་University of Hyderabad (UoH) དང་the Internal Quality Assurance Cell (IQAC) (UoH),མཉམ་འབྲེལ་གྱི་དགེ་ལས་སློབ་མ་རྣམས་ལ་མཁས་དབང་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ལས་རིམ་དེའི་སྐུ་མགྲོན་གཙོ་བོར་བོད་ཀྱི་སྲིད་ཟུར་དང་ཧཱ་ཝ་ཊི་མཐོ་སློབ་ཀྱི་དགེ་རྒན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད། ཁོང་གིས་རྒྱ་གར་དང་བོད་དབར་འབྲེལ་བ་དམ་ཟབ་ཡིན་སྐོར་དང་ལོ་རྒྱུས་ནང་རྒྱ་གར་དང་བོད་གཉིས་དབར་ཆོས་དང་རིག་གཞུང་ལས་བྱང་སོགས་གང་གི་ཆ་ནས་ཀྱང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ནི་རྒྱ་གར་ན་ལན་ཊ་སློབ་དཔོན་ཆེན་པོ་དག་གི་སློབ་མ་ཡིན་སྐོར་གསུང་གི་ཡོད་ལུགས་འགྲེལ་བརྗོད་གནང་།
དེ་ནས་ཁོང་གིས་བོད་རང་བཙན་མ་ཤོར་སྔོན་ལ་བོད་དང་རྒྱ་གར་དབར་གྱི་ས་མཚམས་ལ་རྩོད་རྙོག་མེད་པ་དང་། ཕན་ཚུན་ཕྱོགས་གཉིས་ཀའི་ངོས་ནས་ཡིད་ཆེས་བརྟན་པོའི་འོག་མཐའ་མཚམས་སྲུང་མཁན་གྱི་དམག་མི་ཉུང་ཞིང་འགྲོ་གྲོན་ཆུང་བ་ཞིག་ཡིན་སྐོར་དང་། ད་ཐེངས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་དུས་མཉམ། རྒྱ་གར་གཞུང་ལའང་སྔོན་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། ལོ་རེར་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་དམག་མི་ཕོན་ཆེན་བཀོད་སྒྲིག་བྱེད་དགོས་པ་དང་། འགྲོ་གྲོན་ཕོན་ཆེན་པོ་གཏོང་དགོས་ཀྱི་ཡོད་པ་དང་། གལ་སྲིད་རྒྱ་གར་གྱི་མངའ་ཐང་བརྟན་པོ་དང་བདེ་འཇགས་དགོས་ན་བོད་ལ་ངེས་པར་ཏུ་རྒྱབ་སྐྱོར་དགོས་ཀྱི་ཡོད་སྐོར་གསུངས།
དེ་ནས་ཁོང་གིས་རང་ཉིད་རྒྱ་གར་ཏུ་སྐྱེས་པ་དང་རྡོ་རྗེ་གླིང་དུ་སློབ་གྲྭ་འགྲིམས།རྗེས་སུ་ཧཱ་ཝ་ཊི་ལ་སློབ་སྦྱོང་བྱས། འབུམ་རམས་པ་ཐོན་རྗེས་བོད་ཀྱི་སྲིད་སྐྱོང་དང་པོ་ཆགས་སྐོར་སོགས་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་གསུང་ནས། ཁོང་ཉིད་རྒྱ་གར་གཞུང་དམངས་གཉིས་ལ་བརྩེ་བ་ཟབ་མོ་ཡོད་པ་དང་། ཕྱི་ལོ་༢༠༡༡ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྲིད་དབང་མི་དམངས་ཀྱིས་འོས་འདེམས་བྱུང་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ནས་ལོ་བཅུའི་རིང་སྲིད་སྐྱོང་གི་འགན་འཁུར་གནང་ཁྲོད། རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། ད་དབར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་གཞིས་ཆ་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་སྐོར་སོགས་བརྗོད་ནས། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ལེགས་འབུལ་གནང་།
ཁོང་གིས་དེང་སང་འཛམ་གླིང་ནང་དམག་འཁྲུག་གིས་ཁེངས་པ་དང་། དེ་ལྟར་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྣེ་ཁྲིད་མཁན་གྱི་འགོ་ཁྲིད་ཚོ་ལ་སྙིང་རྗེ་མེད་པ་དང་། རང་དོན་འབའ་ཞིག་བསྒྲུབ་ཆེད་གཞན་དོན་དང་གཞན་གྱི་བདེ་སྐྱིད་ལ་སྣང་ཆུང་དང་སྣང་མེད་བཏང་བའི་རྒྱུ་མཚན་ཡིན་སྐོར་དང་། གལ་སྲིད་འཛམ་གླིང་འདི་དང་འགྲོ་བ་མིའི་རིགས་ལ་མཐའ་ཐུག་གི་བདེ་སྐྱིད་ཅིག་དགོས་ན། ངེས་པར་ཏུ་སྙིང་རྗེ་ལྡན་པའི་འགོ་ཁྲིད་གང་མང་སྐྱེས་བསྲིང་བྱེད་དགོས་སྐོར་གསུངས། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་དཔེ་མཚོན་ཡག་ཤོས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་།
དེ་ནས་ཁོང་གིས་དེ་སྔ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་བའི་སྐབས། ཁོང་གི་ཚེ་སྲོག་གི་ཉེས་ཁ་ལ་མ་འཛེམ་པར་ཨ་རི་ལ་ཡང་སེ་སོང་པ་དང་། དེའི་གྲུབ་འབྲས་ལ་ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཚུལ་ཏུ་ཁྲིམས་འཆར་Tibetan Policy and Support Act (TPSA) 2020 གནས་འབེབས་ཐུབ་པ་དང་། ཁྲིམས་འཆར་དེའི་ནང་བོད་ཀྱི་སྲིད་སྐྱོང་ལ་ངོས་ལེན་གནང་པ་མ་ཟད། རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནས་དོན་ཡང་དགའ་ལྡན་ཕོ་བྲང་ལ་འགན་དབང་ཡོད་པ་ལས། གཞན་རྒྱལ་ཁབ་སུ་ལའང་ཐེ་ཇུས་མེད་ལུགས་བྲིས་ཡོད་སྐོར་གསུངས་པ་དང་མཉམ། རྒྱ་གར་གཞུང་གིས་ཀྱང་གནས་དོན་དེའི་ཐད་ངེས་པར་དུ་༧གོང་ས་མཆོག་གི་ཐུགས་དགོངས་ལ་རྒྱབ་སྐྱོར་དགོས་གལ་ཡིན་སྐོར་གསུངས།
ཁོང་གིས་མུ་མཐུད་ཕྱི་ལོ་༢༠༢༥ཟླ་༧པའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཡོང་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང་། དེ་ནི་བོད་མི་ཙམ་མིན་པར། འཛམ་གླིང་ནང་གི་ནང་པ་ཚང་མ་དགའ་དགོས་པ་ཞིག་ཡིན་སྐོར་གསུངས་མ་ཟད། ཁོང་གིས་བོད་དང་བོད་མིའི་འགྲིན་ཚབ་ཞེས་པའི་དེབ་དེའི་ནང་ཁོང་གི་མ་འོངས་ཡང་སྲིད་ནི་དམངས་གཙོ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འཁྲུངས་རྒྱུ་ལས། དམངས་གཙོ་མེད་པའི་རྒྱལ་ཁབ་ཅིག་ལ་འཁྲུངས་རྒྱུ་མིན་སྐོར་ཐུགས་ཐག་བཅད་ནས་གསུངས་ཡོད་ཙང་། མ་འོངས་པར་༧ཁོང་གི་ཡང་སྲིད་རྒྱ་ནག་ལ་ནམ་ཡང་འཁྲུངས་མི་སྲིད་པ་དང་། གལ་སྲིད་རྒྱ་ནག་གི་ཡང་སྲིད་ཅིག་ངོས་འཛིན་བྱེད་པའི་དབང་དུ་གཏོང་ནའང་། དེ་ནི་ཡང་སྲིད་རྫུན་མ་ཞིག་ཡིན་པས་དེ་ལ་ངོས་ལེན་ཡོང་ཐབས་མེད་སྐོར་འགྲེལ་བརྗོད་གནང་སོང་།
མཐར་དགེ་ལས་སློབ་མ་དག་གི་དྲི་བ་དག་ལ་ལན་འདེབས་བྱས་པ་དང་། དེའི་རྗེས་མཐོ་སློབ་ཀྱི་ལས་སྣེ་ Dr. Bhim Subba་མཆོག་གིས་ཐུགས་རྗེ་ཆེ་གསུང་བཤད་གནང་ནས། ༡༠༨ཞི་བདེ་ལྟེ་གནས་དང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཐུགས་རྗེ་ཆེ་ཞུས་།ད་ཐེངས་ཀྱི་ལས་རིམ་འདིས་མཐོ་སློབ་ཀྱི་དགེ་ལས་དག་ལ་བོད་དང་༧གོང་ས་མཆོག་གི་སྐོར་ཡག་པོ་ཤེས་སུ་འཇུག་པ་དང་གོ་རྟོགས་ཡག་པོ་བྱུང་བས། མ་འོངས་པར་མུ་མཐུད་ལས་རིམ་འདི་ལྟར་རྒྱུན་འཁྱོང་བྱེད་གལ་ཡིན་སྐོར་གནན་བརྗོད་གནང་།ཉིན་དེར་ས་གནས་སུ་ཡོད་པའི་བོད་རིགས་མཐོ་སློབ་སློབ་མ་རྣམས་ཀྱིས་ཀྱང་སྲིད་ཟུར་མཆོག་ལ་སྣེ་ལེན་དང་དགའ་བསུ་ཆེན་པོ་གནང་ཡོད།
