༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་ནས་ལོ་ངོ་ ༧༥ འཁོར་བའི་དུས་སྟོན་མཛད་སྒོ་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་(CST)ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྡི་ལིའི་གཞུང་ཚབ་པ་ལྕམ་སྐུ་ཨེ་ལི་སི་ཀཱ་རྫེ་ཀོ་ཝ་(Dr.Eliska Zigova)མཆོག ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་གཞོན་པ། སློབ་ཟུར་ཚོགས་པའི་ཚོགས་གཙོ་སོགས་ནས་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་བོད་ཀྱི་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་མདུན་བསུ་བྱས་ཏེ་༸མགོན་པོ་གང་ཉིད་མཆོག་༸ཞབས་སྟེགས་སུ་འཁོད་པ་དང་། མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་ཆེན་མོའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་ནས་ལོ་ངོ་ ༧༥ འཁོར་བའི་དུས་སྟོན་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་ཞིང་། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འདུས་ཚོགས་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རིམ་པར་བཏང་།