༢༠༢༦ཟླ་༩ཚེས་༡༡ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་ཀྱི་མཐོ་སློབ་གྲགས་ཅན་མཱེ་སོར་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་སྲིད་ཇུས་སྐོར་བགྲོ་གླེང་ལས་ཚན་ཞི་གོ་སྒྲིག་ཞུས་ཡོད། བགྲོ་གླེང་དེའི་ཐོག་བོད་ཀྱི་སྲིད་ཟུར་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་། སློབ་གཉེར་ཁང་གི་སློབ་འཇུག་སྡེ་ཚན་གྱི་འགན་འཛིན། མཁས་དབང་Dr. Bidanda Chengappa ད་དུང་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་གི་ཚན་རིག་འགན་འཛིན་དགེ་བཤེས་བློ་གྲོས་བཟང་པོ་བཅས་ཕེབས་ཡོད་པ་རེད། ༡༠༨ཞི་བདེ་ལྟེ་གནས་ཀྱི་ཉམས་ཞིབ་པ་རྒན་པ་ཡེ་ཤེས་ཟླ་བ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད།

གསུང་བཤད་གནང་མཁན་་གཙོ་བོར་བོད་ཀྱི་སྲིད་ཟུར་དང་ཧཱ་ཝ་ཊི་མཐོ་སློབ་ཀྱི་དགེ་རྒན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད། ཁོང་གིས་རྒྱ་གར་དང་བོད་དབར་འབྲེལ་བ་དམ་ཟབ་ཡིན་སྐོར་དང་ལོ་རྒྱུས་ནང་རྒྱ་གར་དང་བོད་གཉིས་དབར་ཆོས་དང་རིག་གཞུང་ལས་བྱང་སོགས་གང་གི་ཆ་ནས་ཀྱང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ནི་རྒྱ་གར་ན་ལན་ཊ་སློབ་དཔོན་ཆེན་པོ་དག་གི་སློབ་མ་ཡིན་སྐོར་གསུང་གི་ཡོད་ལུགས་འགྲེལ་བརྗོད་གནང་།
དེ་ནས་ཁོང་གིས་བོད་རང་བཙན་མ་ཤོར་སྔོན་ལ་བོད་དང་རྒྱ་གར་དབར་གྱི་ས་མཚམས་ལ་རྩོད་རྙོག་མེད་པ་དང་། ཕན་ཚུན་ཕྱོགས་གཉིས་ཀའི་ངོས་ནས་ཡིད་ཆེས་བརྟན་པོའི་འོག་མཐའ་མཚམས་སྲུང་མཁན་གྱི་དམག་མི་ཉུང་ཞིང་འགྲོ་གྲོན་ཆུང་བ་ཞིག་ཡིན་སྐོར་དང་། ད་ཐེངས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་དུས་མཉམ། རྒྱ་གར་གཞུང་ལའང་སྔོན་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དང་། ལོ་རེར་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་དམག་མི་ཕོན་ཆེན་བཀོད་སྒྲིག་བྱེད་དགོས་པ་དང་། འགྲོ་གྲོན་ཕོན་ཆེན་པོ་གཏོང་དགོས་ཀྱི་ཡོད་པ་དང་། གལ་སྲིད་རྒྱ་གར་གྱི་མངའ་ཐང་བརྟན་པོ་དང་བདེ་འཇགས་དགོས་ན་བོད་ལ་ངེས་པར་ཏུ་རྒྱབ་སྐྱོར་དགོས་ཀྱི་ཡོད་སྐོར་གསུངས།
དེ་ནས་ཁོང་གིས་རང་ཉིད་རྒྱ་གར་ཏུ་སྐྱེས་པ་དང་རྡོ་རྗེ་གླིང་དུ་སློབ་གྲྭ་འགྲིམས།རྗེས་སུ་ཧཱ་ཝ་ཊི་ལ་སློབ་སྦྱོང་བྱས། འབུམ་རམས་པ་ཐོན་རྗེས་བོད་ཀྱི་སྲིད་སྐྱོང་དང་པོ་ཆགས་སྐོར་སོགས་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་གསུང་ནས། ཁོང་ཉིད་རྒྱ་གར་གཞུང་དམངས་གཉིས་ལ་བརྩེ་བ་ཟབ་མོ་ཡོད་པ་དང་། ཕྱི་ལོ་༢༠༡༡ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྲིད་དབང་མི་དམངས་ཀྱིས་འོས་འདེམས་བྱུང་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ནས་ལོ་བཅུའི་རིང་སྲིད་སྐྱོང་གི་འགན་འཁུར་གནང་ཁྲོད། རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། ད་དབར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་གཞིས་ཆ་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་སྐོར་སོགས་བརྗོད་ནས། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ལེགས་འབུལ་གནང་།

བློ་བཟང་སེང་གེ་མཆོག་གིས། སློབ་མ་རྣམས་ལ་ཕུགས་བསམ་དགོས་གལ་ཆེ་པ་དང་། ཕུགས་བསམ་དེའང་བོད་མི་རིགས་དང་འགྲོ་བ་མིའི་རིགས་ལ་ཕན་རླབས་སྒྲུབ་ཐུབ་པ་ཞིགས་ལ་དམིགས་བཟུང་བྱེད་དགོས་སྐོར་དང་། ཕུགས་བསམ་དེ་ཉིད་མངོན་འགྱུར་བྱེད་པར་ངེས་པ་དུ་དཀའ་ལས་བརྒྱབ་དགོས་པ་དང་། ཐབས་ལམ་ཤེས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་དང་། དགེ་རྒན་རྣམས་པའི་གང་གསུང་ཉན་ཏེ་སློབ་ཚན་དབྱེ་མེད་ལ་འབད་བརྩོན་བྱེད་པ་ཡིན་ན། ཕུགས་བསམ་ག་རེ་ཡོད་ནའང་མངོན་འགྱུར་ཐུབ་ཀྱི་ཡོད་སྐོར་དཔེ་ཚོན་དང་བཅས་འགྲེལ་བརྗོད་གནང་།
ཁོང་གིས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་དམག་འཁྲུག་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། སྡུག་པོ་མྱོང་མཁན་ཚང་མ་མི་དམངས་དཀྱུས་མ་ཡིན་པ་དང་། དམག་འཁྲུག་གི་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་། དེས་འཛམ་གླིང་ཡོད་ཚད་དངངས་སྐྲ་དང་སྡུག་བསྔལ་ནང་བརྫངས་ཀྱི་ཡོད། དམག་འཁྲུག་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། འགོ་ཁྲིད་རྣམས་ལ་འཛམ་གླིང་སྤྱི་ཁྱབ་ཀྱི་སྙིང་རྗེ་དང་བྱམས་པ་མེད་པའི་དབང་གི་ཡིན་པས། ང་ཚོས་སྙིང་རྗེ་ལྡན་པའི་འགོ་ཁྲི་མང་ཙམ་གསོ་སྐྱོང་བྱེད་དགོས་གལ་ཡིན་སྐོར་ནན་བརྗོད་གནང་།
དེ་ནས་ཁོང་གིས་མུ་མཐུད། ད་ཆར་རྒྱ་ནག་གཞུང་ནི་ཉིན་རེ་ནས་ཉིན་རེར་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་། ང་ཚོའི་འཐབ་རྩོད་དེའང་ཉིན་རེ་ནས་ཉིན་རེར་དཀའ་ཁ་ཆེ་རུ་འགྲོ་གི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོ་བོད་མི་ཡོད་དོ་ཅོག་གིས་དེ་སྔ་ལས་ལྷག་བོད་དོན་འཐབ་རྩོད་ལ་ཤུགས་བསྣོན་བརྒྱབ་དགོས་ཀྱི་ཡོད་སྐོར་དང་། ད་ཆར་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡང་སྲིད་གནས་དོན་ཐད་ལའང་ལག་པར་བསྐྱངས་ནས། མ་འོངས་པར་ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་སྟངས་འཛིན་བྱེད་དགོས་བསམ་པའི་བསམ་ངན་བསྐྱངས་བཞིན་པའི་སྐབས། ང་ཚོས་ངེས་པར་ཏུ་འཛམ་གླིང་རྒྱལ་ཁབ་དང་དཔོན་རིགས་ཁག་ལ་གོ་རྟོགས་གང་ཡོང་སྤེལ་ནས་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་བྱེད་དགོས་པའི་ལས་གཞི་རྒྱ་ཆེར་གཏོང་དགོས་གལ་ཡིན་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་གནས་དོན་འདི་ནི་བོད་པའི་གནས་དོན་ཙམ་མིན་པར། འདི་ནི་རྒྱ་ནག་གཞུང་གིས་མ་འོངས་པར་རྒྱ་གར་གྱི་ཆ་ཁྱོན་ལ་དྭགས་དང་ཨ་རི་ན་ཅལ་།ད་དུང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ས་ཁུལ་ཁག་བཙན་བཟུང་བྱེད་པའི་དམིགས་ཡུལ་འགྲུབ་ཆེད་ཀྱང་ཡིན་པས།དེའི་ཐད་རྒྱ་གར་གཞུང་དམངས་གཉིས་ནས་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་གལ་སྐོར་ཡང་གསུངས།

ཁོང་གི་མུ་མཐུད་དེང་སང་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནས་དོན་ཐད་ཐེ་ཇུས་བྱེད་འགོ་བརྩམས་ཡོད་པ་དང་། ལོ་འདིའི་ཟླ་༧པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཕེབས་རྒྱུ་ཡིན་པ་དང་། ཡང་སྲིད་དེའང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་ཕེབས་རྒྱུ་ཡིན་པ་མ་ཟད། དེའི་འགན་ཡོངས་རྫོགས་དགའ་ལྡན་ཕོ་བྲང་གི་འཁྱེར་དགོས་ཀྱི་ཡོད་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད། རྒྱུ་མཚན་དེའི་དབང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐད་རྒྱ་ནག་གཞུང་གི་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་སྐོར་གསུངས།
དེ་སྔ་༡༩༥༤ལོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་པེ་ཅིང་དུ་ཕེབས་པ་དང་། རྒྱ་ནག་གིས་གཙོ་འཛིན་མོའོ་ཙེ་ཏོང་དང་ཐུག་འཕྲད་བྱས་ཡོད་པ་རེད། སྐབས་དེར་མོའོ་ཙེ་ཏོང་གིས་ཆོས་ནི་དུག་རེད་ཅེས་བཤད་ཡོད་པ་དང་། དེ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་གཏོར་བཤིག་བཏང་འགོ་བརྩམས་པ་མ་ཟད། བོད་ས་རྒྱ་སྡེ་ལ་སྒྱུར་རྒྱུ་དང་བོད་རིགས་རྒྱ་རིགས་ལ་སྒྱུར་རྒྱུའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་སྐོར་འགྲེལ་བརྗོད་གནང་།
༧པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་གཉིས་ནི་བོད་ཀྱི་བླ་ཆེན་མཐོ་ཤོས་གཉིས་ཡིན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མྱ་ངན་ལས་འདས་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ངོས་འཛིན་གནང་ནའང་། རྒྱ་ནག་གཞུང་གིས་ཡང་སྲིད་རིན་པོ་ཆེ་མཆོག་བཙན་བཟུང་གནང་ཏེ་ད་ལྟའི་དབར་ག་སོང་འཆར་མེད་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་འདོད་བློ་ལྟར་ཕྲུ་གུ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་ལ་ངོས་འཛིན་བྱས་ཡོད་སྐོར་འགྲེལ་བརྗོད་གནང་།
མཁས་དབང་བློ་བཟང་སེང་གེ་མཆོག་གི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཙམ་དུ་མ་ཟད།འཛམ་གླིང་ནང་གི་ནང་པའི་དད་ལྡན་ཚང་མ་ལ་ཧ་ཅང་གལ་ཆེ་བའི་སྐྱེས་ཆེན་ཞིག་ཡིན་པ་དང་།ཁོང་གིས་ད་བར་འཛམ་གླིང་ཞི་བདེ་དང་མི་དམངས་འཆམ་མཐུན་སོགས་ཀྱི་ཐད་སྐུ་ལས་ཚད་མེད་བསྐྱོན་པས།འཛམ་གླིང་མི་དམངས་ཀྱི་དེ་ལུགས་ངོས་ལེན་གནང་ཐོག་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་གཙོས་གཟེངས་རྟགས་ཆེན་པོ་འདྲ་མིན་ཐོབ་ཡོད་སྐོར་དང་། ༧གོང་ས་མཆོག་གི་མཛད་པ་རྣམས་རྒྱལ་མཚམས་མེད་པར་རྒྱ་ནག་དང་ཨུ་རུ་སི་སོགས་གང་སར་ཁྱབ་ཡོད་པ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།དེ་དང་མཉམ་ཁོང་གིས་མ་འོངས་༧རྒྱལ་བའི་ཡང་སྲིད་སྐོར་གནན་བརྗོད་བྱས་པ་དང་།གནས་དོན་དེ་ནི་ཨ་རི་གཙོས་རྒྱལ་སྤྱི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་གནང་པ་ལྟར། རྒྱ་གར་གཞུང་ནས་ཀྱང་ཅིས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་འབོད་བསྐུལ་གནང་ཡོད་པ་རེད།
ཁོང་གིས་མུ་མཐུད། ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། ༧གོང་ས་མཆོག་དང་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་བཙན་བྱོལ་ལ་ཡོང་དགོས་ཐུག་པ་དང་། ཁོང་གིས་གནམ་དང་ས་ལས་ངོ་མི་ཤེས་པའི་གནས་སྟངས་འོག བོད་མིའི་སྒྲིག་འཛུགས་གསར་འཛུགས་གནང་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྤེལ་བཏང་པ་མ་ཟད།འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་བརྐྱངས་ཡོད་སྐོར་དང་། ཉེ་ལམ་༧གོང་ས་མཆོག་གི་བོད་དང་བོད་མིའི་མགྲིན་ཚབ་ཞེས་པའི་དཔེ་དེབ་ནང་། ཁོང་མ་འོངས་པར་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཏུ་ཁྲུངས་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་སྐོར་དང་། ཆོས་དད་མེད་པའི་རྒྱ་ནག་གུང་ཁྲན་གཞུང་གིས་༧རྒྱལ་བའི་ཡང་སྲིད་སྐོར་ཐེ་ཇུས་ཇི་ལྟར་བྱེད་འདོད་ཡོད་ནའང་། ཁོང་ཚོ་ལ་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་པ་དང་།དེ་སྔར་རྒྱ་ནག་གི་གཙོ་འཛིན་མོའོ་ཙེ་ཏུང་གིས་ཆོས་དེ་དུག་རེད་ཅེས་བཤད་ཟིན་པས།རྒྱ་ནག་གུང་ཁྲན་ལ་ར༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་དང་འོས་འགན་མེད་ལུསགས་གསུངས་ཡོད།
རྒྱ་ནག་གཞུང་གིས་ད་ལྟའི་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་དང་དམའ་འབེབས་བཏང་ཡོད་པ་དང་།ཁོ་ཚོས་༧གོང་ས་མཆོག་ནི་ན་བཟའ་མཆོད་པའི་སྤྱང་ཀི་ཡིན་སྐོར་བརྗོད་ནས་༧མགོན་པོ་གང་ལ་མི་སྤྱོད་ལས་འདས་པའི་སྐྱོན་བརྗོད་བྱས་པ་མ་ཟད། བོད་མི་ས་ཡ་དྲུག་གིས་བཟོད་ཐབས་མེད་པའི་མཚན་སྨོད་དང་དམའ་འབེབས་བཏང་ཡོད་སྐོར་དང་། དེ་འདྲ་བའི་རྒྱལ་ཁབ་ཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ནི་མི་སྤྱོད་དང་འགལ་བའི་ལས་ཀ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས།
དགེ་བཤེས་བློ་གྲོས་བཟང་པོ་མཆོག་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་དང་། བོད་བརྒྱུད་ནང་བསྟན་གྱི་ལྟ་སྤྱོད་སྒོམ་གསུམ་སྐོར་འགྲེལ་བརྗོད་གནང་པ་མ་ཟད། འཛམ་གླིང་འདིའི་སྒང་ད་ལྟ་མཁོ་དགོས་ཆེ་ཤོས་ནི་བྱམས་བརྩེ་དང་སྙིང་རྗེའི་འདུ་ཤེས་ཟབ་པའི་འགོ་ཁྲིད་མང་པོ་སྐྱེས་སྲིང་གནང་གལ་ཡིན་པ་དང་། འཛམ་གླིང་ཞི་བདེ་དང་ལྷིངས་འཇགས་ཡོང་པ་ཚང་མས་ཐུགས་ཁུར་དགོས་སྐོར་གསུང་།
སློབ་གཉེར་ཁང་གི་སློབ་འཇུག་སྡེ་ཚན་གྱི་འགན་འཛིན། དང་མཁས་དབང་Dr. Bidanda Chengappa གཉིས་ནས་ཀྱང་བོད་དང་རྒྱ་གར་གྱི་འབྲེལ་ལམ་དེ་ཉིད་གལ་འགངས་ཆེན་པོ་ཡིན་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་སྐོར་གསུངས།
