༢༠༢༦ཟླ་༨ཚེས་༡༩ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་མཐོ་སློབ་Rajiv Gandhi Government Degree College, Shimlaགཉིས་མཉམ་འབྲེལ་གྱིས་བོད་དང་རྒྱ་གར་སྐོར་གྱི་གཏམ་བཤད་ལས་ཚན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། གཏམ་བཤད་གནང་མཁན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ཞབས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་འདྲེན་ཞུས་ཡོད།
ཐེངས་འདིར་ལས་རིམ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གར་ནང་གི་གཞོན་སྐྱེས་དང་ཤེས་ཡོན་ཅན་གྱི་སྡེ་ཁག་ནང་ད་དུང་ཡང་བོད་ཀྱི་སྐོར་ལ་ཤེས་མཁན་ཉུང་ཉུང་ཡིན་པ་མ་ཟད། བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ་དང་། འབྲེལ་ལམ་དེའི་རྐྱེན་པས་རྒྱ་གར་ལ་ཁེ་ཕན་ཇི་ལྟར་ཡོད་མེད་སྐོར་དེ་བས་ཉུང་ཉུང་ཡིན་པས། ཚོགས་པ་ངོས་ནས་རྒྱ་གར་སྤྱི་ཚོགས་སུ་བོད་ཐོག་གོ་རྟོགས་སྤེལ་གལ་མཐོང་ཙང་ལས་རིམ་དེ་ལྟར་གོ་སྒྲིག་ཞུས་ཡོད་པ་རེད།
སྐུ་ཞབས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ཀྱི་གནའ་དེང་གི་གནས་བབས་འགྲེལ་བརྗོད་གནང་པ་དང་། དེ་དང་དུས་མཚུངས་བོད་ལ་ཆབ་སྲིད་ཀྱི་འགྱུར་བ་ཇི་ལྟར་སོང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་ཇི་ལྟར་བྱས་ཡོད་ཚུལ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་ཇི་ལྟར་བྲོལ་བྱོལ་ལ་སླེབས་ཡོད་སྐོར་དང་། རྒྱ་གར་གཞུང་གིས་ད་བར་མཐུན་རྐྱེན་སྦྱོར་སྤྲོད་ཇི་ལྟར་གནང་སྐོར་སོགས་འགྲེལ་བརྗོད་གནང་།

མ་ཚད། ཁོང་གིས་བོད་ཀྱི་ད་ལྟའི་གནས་བབས་རྐྱེན་པས་རྒྱ་གར་ལ་གྱོང་གུད་ཇི་ལྟར་རག་གི་ཡོད་པ་དང་། མ་འོངས་པར་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་མ་བྱེད་ཚེ། རྒྱ་གར་གཞུང་གི་མངའ་ཐང་དང་ཆབ་སྲིད། དཔལ་འབྱོར་སོགས་ལ་གྱོང་གུད་ཇི་ལྟར་ཡོང་གི་ཡོད་མེད་སྐོར། དངོས་ཡོད་ཀྱི་གནས་སྟངས་གཞི་བཞག་ཐོག་འགྲེལ་བརྗོད་གནང་པས་ཚང་མས་དགའ་པོ་བྱས།
ལས་རིམ་འདིའི་ཐོག་མཐོ་སློབ་ཀྱི་སློབ་མ་མང་པོས་ཆ་ཤས་ལེན་ཡོད་པ་དང་། སློབ་མ་དེ་ཚོས་ཀྱང་བོད་དང་རྒྱ་གར་བར་གྱི་འབྲེལ་བའི་སྐོར་ཤེས་རྟོགས་བྱེད་པ་དོ་གཡེང་ཆེན་པོ་གནང་གི་ཡོད། སྐུ་ཞབས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ནི་བོད་ཀྱི་ཆབ་སྲིད་དང་གནས་བབས་ལ་རྒྱུས་མངའ་ཆེ་ཞིང་། བོད་ཀྱི་གནའ་དེང་གི་ལོ་རྒྱུས་ལ་མཁྱེན་རྒྱ་ཡངས་པའི་ལས་འགུལ་བ་ཞིག་ཡིན་པ་རེད། ཁོང་གིས་དངོས་ཡོད་ཀྱི་གནས་བབས་གཞིར་བཞག་ཐོག་བོད་དང་རྒྱ་གར་བར་གནའ་དུས་ནས་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད་སྐོར་དང་། བོད་ཀྱི་ཁོར་ཡུག་དང་གཙང་པོ་སོགས་ཀྱི་ཐོན་ཁུངས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ཡུལ་མི་ས་ཡ་མང་པོར་ཕན་རླབས་ཆེན་པོ་སྒྲུབ་ཀྱི་ཡོད་པ་མ་ཟད། དེ་སྔར་བོད་དེ་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་སྐབས། བོད་དང་རྒྱ་གར་བར་གྱི་ས་མཚམས་སུ་ཕན་ཚུན་ཡིད་ཆེས་ཆེན་པོས་མཉམ་གནས་བྱས་པ་དང་། དམག་མི་དང་གོ་མཚོན་སོགས་ཀྱི་འགྲོ་གྲོན་ཆེན་པོ་མེད་སྐོར། ཕྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་པ་ནས། བོད་དང་རྒྱ་གར་བར་གྱི་ས་མཚམས་ལ་དམག་འཁྲུག་མང་པོ་བྱུང་པ་དང་། རྒྱ་ནག་གིས་རྒྱ་གར་གཞུང་ལ་ཧམ་བཤད་མང་པོ་བྱེད་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་ས་མཚམས་སུ་འགྲོ་གྲོན་ཆེན་པོ་བཏང་དང་གཏོང་དགོས་ཁེལ་བ་སོགས་ཀྱི་གནད་དོན་ཐད་འགྲེལ་བརྗོད་གནང་།
རྒྱ་གནང་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་བཅས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཆེད། རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ཏུ་བོད་མི་རྣམས་ལ་གཞིས་ཆགས་ཀྱི་མཐུན་སྦྱོར་བྱས་པ་དང་། ད་ཆར་རྒྱ་གར་གྱི་ས་ཁུལ་མང་པོར་བོད་ཀྱི་གཞིས་ཆགས་དང་། དགོན་སྡེ་ཁག སློབ་གྲྭ་ཁག་བཅས་མཐུན་རྐྱེན་འཐུས་ཚང་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན། རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་ཞིག་མེད་སྐོར་བརྗོད་པ་དང་། དེ་དང་དུས་མཚུངས། ཁོང་གིས་རྒྱ་གར་གཞུང་གིས་མུ་མཐུད་བོད་མི་རྣམས་ལ་རོགས་རམ་གང་མང་གནང་དགོས་པ་དང་། ལྷག་པར་ཏུ་བོད་ཀྱི་བདེན་མཐའ་སེལ་ཆེད་རྒྱ་གར་གཞུང་གིས་བློ་ཁོག་ཆེན་པོས་རྒྱ་ནག་གཞུང་ལ་རྣམ་འགྱུར་སྟོན་དགོས་སྐོར་གསུངས། ཁོང་གིས་གསུང་དོན་ལ། རྒྱ་གར་གཞུང་ནི་བོད་ཀྱི་གནས་སྟངས་ཡག་ཤོས་མཁྱེན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ཁབ་འདིའང་ཨེ་ཤི་ཡའི་ས་ཁྱོན་དུ་རྒྱལ་ཁབ་སྟོབས་ཆེ་ཤོས་ཤིག་ཡིན་པས། རྒྱ་གར་གཞུང་མང་གཉིས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ནའང་། བོད་ཀྱི་འཐབ་རྩོད་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་རམས་བྱེད་གལ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

