༢༠༢༦ཟླ་༩ཚེས་༣ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་བརྟན་གཞི་བྱེད་པའི་མཐོ་སློབ་གྲགས་ཅན་Christ University, Ghaziabad དང་མཉམ་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་དང་རྒྱལ་སྤྱིའི་ཁྲིམས་ལུགས། ཆོས་ལུགས་དད་པ་རང་མོས་བཅས་ཀྱི་སྐོར་གཏམ་བཤད་བྱེད་པའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། ལས་རིམ་དེའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་སྲིད་ཟུར་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཇི་ལྟར་གདན་འདྲེན་ཞུས་པ་ལྟར་ཕེབས་ཡོད།
སྲིད་ཟུར་མཆོག་གིས་ཉེ་ཆར་བལ་བོད་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་སྐོར་དང་། གོད་ཆག་དེའི་རྐྱེན་པས་མི་དམངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ས་གནས་ས་ཐོག་ཏུ་མི་རྒྱུ་ཚང་མ་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་སྐོར་གསུངས། དེ་དང་མཉམ། རྒྱ་ནག་གཞུང་གིས་བལ་པོའི་གཞུང་དམངས་གཉིས་ལ་སྔོན་འགོག་གི་བརྡ་ཐོ་བཏང་མེད་པ་དང་། རྒྱ་ནག་གཞུང་ལ་སྐར་མ་༢༠ལྷག་གི་གོ་སྐབས་བྱུང་ནའང་། བལ་པོ་གཞུང་དམངས་གཉིས་ལ་སྔོན་བརྡ་མ་བཏང་པའི་རྐྱེན་གྱིས། བལ་པོ་མི་དམངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་ཡིན་སྐོར་དང་། བོད་ཀྱི་ས་ཁུལ་ཏུ་བོད་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་ནའང་། རྒྱ་ནག་གཞུང་གིས་གསང་བ་བྱེད་གང་ཐུབ་བྱས་ནས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་དངོས་ཡོད་ཀྱི་གནས་སྟངས་གང་ཡང་བརྒྱུད་བསྒྲགས་བྱེད་ཀྱི་མེད་པ་དང་། ས་ཁུལ་ཁག་གི་བོད་མི་ཚོས་རུ་རུད་ཀྱི་གོད་ཆག་སྐོར་བཤད་པ་ཙམ་གྱིས་བཀག་ཉར་འཛིན་བཟུང་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
ཁོང་གིས་མུ་མཐུད། ད་ཐེངས་བལ་བོད་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་བསྐྲུན་བྱེད་པའི་ཁ་དབྱངས་འོག་རི་ཕུག་ལས་གཞི་དང་། མེ་འཁོར་ལྕགས་ལམ་གྱི་ལས་གཞི། གཞུང་ལམ་གྱི་འཛུགས་བསྐྲུན་ལས་གཞི་སོགས་ལས་གཞི་མང་པོ་བརྩམས་པ་དང་། དེས་ནས་ས་ཁུལ་དེ་དག་ཏུ་འབར་རྫས་བགལ་གཏོར་མང་པོ་བྱས་ཡོད་པས། གཡས་གཡོན་གྱི་གངས་རི་རྣམས་ལ་བརྡབ་སིག་ཐེབས་པ་དང་། གཡོ་འགུལ་ཐེབས་པ་བཅས་བྱུང་བས། གངས་རི་སྙིལ་པ་དང་ཆུ་འཁྱིལ་འཐོར་བ་སོགས་གནས་སྟངས་འདྲ་མིན་བྱུང་ནས། གོད་ཆག་འདིའི་རིགས་བྱུང་ཡོད་པ་དང་། མ་ཚད། གོད་ཆག་འདི་ནི་མཐོ་མ་མིན་ལ་མཐའ་མའང་ཡིན་མི་སྲིད་པའི་སྔོན་བརྡའང་བཏང་ཡོད།
དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐད་སྐུ་ལས་ཇི་ལྟར་བསྐྱོན་ཡོད་མེད་སྐོར་འགྲེལ་བརྗོད་གནང་པ་དང་། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ཆོས་ལུགས་མིན་པའི་བཟང་སྤྱོད་སྐོར་འཛམ་གླིང་ནང་སློབ་གྲྭ་མང་པོས་སློབ་ཁྲིད་དང་སློབ་སྦྱོང་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་པ་དང་། རྒྱ་གར་གཞུང་གི་སློབ་གྲྭ་ཁག་གིས་ཀྱང་སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐུབ་ན་བཟང་ལུགས་སྐོར་འབོད་བསྐུལ་གནང་སོང་།
ཁོང་གིས་མུ་མཐུད། བོད་དང་རྒྱ་གར་གཉིས་ནི་ལོ་ངོ་སྟོང་ཕྲག་དུ་མར་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་གཉིས་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། སྐད་དང་ཡི་གེ་སོགས་གང་ཅིའི་ཐད་ནས་ཀྱང་རྒྱ་གར་དང་འབྲེལ་བ་དམ་ཟབ་ཡོད་སྐོར་འགྲེལ་བརྗོད་གནང་སོང་། རྒྱ་ནག་གཞུང་གིས་༡༩༥༩ བོད་ས་ཡོངས་རྫོགས་བཙན་འཕྲོག་ཧམ་བཟས་བྱས་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་ཕེབས་ཡོད་པ་དང་། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རོ་མཆོག་གིས་དབུ་ཁྲིད་ནས་རྒྱ་གར་གྱི་དཔོན་རིགས་ཁག་གིས་བོད་མི་རྣམས་ལ་མཐུན་རྐྱེན་དང་རོགས་རམས་ཆེན་པོ་གནང་ཡོད་པདང་། རྒྱ་གར་ཀ་ན་ཊ་ཀ་མངའ་སྡེ་ནི་བོད་མི་རྣམས་ལ་སྡོད་སའི་ས་ཆ་གནང་མཁན་ཐོག་མ་དེ་ཡིན་སྐོར་ཡང་གསུངས་སོང་།
ཁོང་གིས་བོད་མི་རྣམས་ལ་མཚོན་ན། རྒྱ་གར་གཞུང་དམངས་གཉིས་ནི་བཀའ་དྲིན་ཆེ་ཤོས་ཡིན་པ་དང་།་དེ་བར་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གཞིས་ཆགས་དང་ཁ་འཐོར་ཁག་ལ་རོགས་རམས་གནང་པ་ནི་བཀའ་དྲིན་འཇལ་ཐབས་བྲལ་བ་ཡིན་སྐོར་ཡང་གསུངས་སོང་། དེ་ནས་ཁོང་གིས་དེང་སང་རྒྱ་ནག་གཞུང་གི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ལ་དོ་སྣང་དང་ཁོ་ཚོས་ཡང་སྲིད་ཅིག་ངོས་འཛིན་བྱེད་རྒྱུ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པས། རྒྱ་གར་གཞུང་དམངས་གཉིས་ནས་ངེས་པར་དུ་༧གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཐག་གཅོད་ལ་གུས་བརྩི་དང་ངོས་ལེན་བྱེད་དགོས་སྐོར་གསུངས་སོང་།
དེ་ནས་ཁོང་གིས་ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་ལུགས་ཞེས་པ་དེ་བརྒྱུད་བསྒྲགས་དང་གཏན་འབེབས་བྱས་ཡོད་པ་དང་། དེ་ནི་གྲངས་ཉུང་མི་རིགས་ཟེར་རྣམས་རྩ་མེད་གཏོང་བྱེད་ཀྱི་ལག་ཆ་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་མི་གཙོས་གྲངས་ཉུང་མི་རིགས་ཟེར་དེ་དག་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་གཡོ་སྒྱུ་ཞིག་ཡིན་པ་དང་། དྲང་བདེན་མིན་པའི་ཁྲིམས་ལུགས་དེ་ལ་ངོ་རྒོལ་བྱེད་ཆེད་བོད་ཀྱི་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིར་བརྟན་གཞི་བྱེད་པའི་འཛམ་གླིང་ཉམས་འབྲེལ་རྒྱལ་ཚོགས་ཀྱི་མདུན་ལ་རང་ལུས་མེ་བསྲེགས་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བྱེད་སྟངས་ལ་མ་འདོད་པའི་རྣམ་འགྱུར་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ་ཞུ་པའི་ཆེད་ཡིན་པས། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས། མ་ཟད། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱ་གར་རང་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ་དང་གཅིག་པ་ཡིན་སྐོར་སོགས་དངོས་དོན་ལ་དཔེ་སྦྱར་ཐོག་འགྲེལ་བརྗོད་གནང་པར། མཐོ་སློབ་སློབ་མ་རྣམས་ཀྱིས་དགའ་མོས་ཆེན་པོ་བྱས་ཡོད།



