བཙན་བྱོལ་བོད་མིའི་མང་གཙོ་དང་འགོ་ཁྲིད་བསྐྱེད་སྐྱོང་སྐོར་གླེང་བ།

༢༠༢༦ཟླ་༩ཚེས་༡༥ཉིན། ༡༠༨ཞི་བདེ་ལྟ་གནས་དང་རྒྱ གར་རྒྱལ་ས་པུཎི་དུ་བརྟན་གཞི་བྱེད་པའི་མཐོ་སློབ་གྲགས་ཅན St. Mira’s College for Girls, Pune,གཉིས་འབྲེལ་གྱིས་བཙན་བྱོལ་བོད་མིའི་དམངས་གཙོ་དང་འགོ་ཁྲིད་བསྐྱེད་བསྲིངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དམངས་གཙོ་ཀ་བ་གསུམ་ལྡན་གྱི་དམངས་གཙོ་ཚད་ལྡན་ཞིག་ཡོད་སྐོར་གསུངས་པ་དང་། དེ་དང་མཉམ་དུ་འཛམ་གླིང་ནང་གི་དམངས་གཙོའི་གནས་སྟངས་སྐོར་ལ་འགྲེལ་བརྗོད་གནང་སོང་།ལས་རིམ་ཐོག མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེང་སང་འཛམ་གླིང་ནང་འགྱུར་བ་ཆེན་པོ་འགྲོ་དང་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་སྟངས་ཕྱོགས་ཡོངས་ནས་བལྟས་ན། དམངས་གཙོའི་ལམ་ལུགས་ལ་ཉམས་ཆག་འགྲོ་བཞིན་པ་དང་། འཛམ་གླིང་ནང་གི་མི་དམངས་མང་པོས་ཀྱང་དམངས་གཙོའི་སྒྲོམ་གཞི་དང་ལམ་ལུགས་ལ་ཡིད་ཆེས་བརླགས་པ་དང་། ཁོང་ཚོས་དམངས་གཙོའི་ལམ་ལུགས་ལ་རེ་བའང་ཆུང་དུ་འགྲོ་བཞིན་ཡོད་གསུངས། དེ་ནས་ཁོང་གིས་ཉེ་ཆར་ཤི་རི་ལ་གྷ་དང་བལ་ཡུལ་གཙོས་རྒྱལ་ཁབ་མང་པོའི་ནང་མི་དམངས་ཀྱིས་ངོ་རྒོལ་དང་གྱེན་ལོག་བྱས་ནས།སྲིད་གཞུང་བརྗེ་པོ་བརྒྱབ་ཐུབ་པ་བྱུང་ཡོད་ནའང་། སྲིད་གཞུང་གསར་པ་བྱུང་པ་དེ་དག་ཀྱང་གསར་བརྗེའི་རང་བཞིན་ལྡན་པ་ཞིག་བྱུང་མེད་ཁར།སྲིད་གཞུང་གསར་པ་ཁག་ཅིག་ནི་དེ་སྔའི་སྲིད་གཞུང་ལས་སྡུག་ཏུ་བྱུང་པ་ལྟ་བུ་ཆགས་པས། དེས་ནས་སྲིད་གཞུང་རྙིང་པ་ཞིག་མགོ་རྟིང་ལོག་པ་དེས་སྲིད་གཞུང་ཡག་པོ་ཞིག་ཡོང་ངེས་མེད་པར་བདེན་དཔང་བྱས་ཡོད་པ་རེད་གསུངས། ཁོང་གིས་མ་འོངས་པར། སྡུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་བརྗེ་བོ་བརྒྱབ་རྒྱུ་ལས་སླ་པོ་ཡོད་ནའང་། སྲིད་གཞུང་གསར་པ་ཡག་པོ་ཞིག་བསྐོ་གཞག་བྱེད་རྒྱུ་ནི་ཧ་ཅང་དཀའ་ཁག་ཅན་གྱི་གནས་དོན་ཞིག་ཡིན་སྐོར་གསུངས།

བློ་བཟང་སེང་གེ་མཆོག་གིས་ཁོང་དེ་སྔ་བླ་མ་ཧ་ཊ་ཞེས་པའི་བོད་གཞིས་ཆུང་ཆུང་ཞིག་ལ་སྐྱེས་ཤིང་འཚར་ལོངས་བྱུང་པ་དང་། དེ་ནས་ཕ་མ་གཉིས་ཀྱིས་དཀའ་ལས་བརྒྱབ་ནས་སོ་སོ་རྡོ་རྗེ་གླིང་གི་སློབ་གྲྭར་བཏང། དེའི་རྗེས་སོ་སོའི་སློབ་སྦྱོང་ཧུར་ཐག་བྱས་འབྲས་སུ། རིམ་པས་མཐོ་སློབ་འགྲིམས་པ་དང་དེ་ནས་ཧྭ་ཝ་མཐོ་སློབ་ལ་སློབ་སྦྱོང་བྱས། དེའི་རྗེས་ཕྱི་ལོ་༢༠༡༡ནས་༢༠༢༡བར་བོད་ཀྱི་སྲིད་སྐྱོང་གི་ཕྱག་ལས་ལོ་བཅུ་གནང་ཡོད་པ་དང་། ད་ལྟའི་ཆར་ཧྭ་ཝ་མཐོ་སློབ་ཀྱི་དགེ་རྒན་གནང་པའི་ལམ་བུའི་བརྒྱུད་རིམ་སྐོར་སློབ་མ་རྣམས་ལ་གསུངས་པས། སློབ་མ་རྣམས་སེམས་ཤུགས་འཕེལ་ཞིང་དོ་སྣང་དང་དགའ་མོས་ཆེན་པོ་བྱས།

བློ་བཟང་སེང་གེ་མཆོག་གིས། སློབ་མ་རྣམས་ལ་ཕུགས་བསམ་དགོས་གལ་ཆེ་པ་དང་། ཕུགས་བསམ་དེའང་བོད་མི་རིགས་དང་འགྲོ་བ་མིའི་རིགས་ལ་ཕན་རླབས་སྒྲུབ་ཐུབ་པ་ཞིགས་ལ་དམིགས་བཟུང་བྱེད་དགོས་སྐོར་དང་། ཕུགས་བསམ་དེ་ཉིད་མངོན་འགྱུར་བྱེད་པར་ངེས་པ་དུ་དཀའ་ལས་བརྒྱབ་དགོས་པ་དང་། ཐབས་ལམ་ཤེས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་དང་། དགེ་རྒན་རྣམས་པའི་གང་གསུང་ཉན་ཏེ་སློབ་ཚན་དབྱེ་མེད་ལ་འབད་བརྩོན་བྱེད་པ་ཡིན་ན། ཕུགས་བསམ་ག་རེ་ཡོད་ནའང་མངོན་འགྱུར་ཐུབ་ཀྱི་ཡོད་སྐོར་དཔེ་ཚོན་དང་བཅས་འགྲེལ་བརྗོད་གནང་།


 

ཁོང་གིས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་དམག་འཁྲུག་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། སྡུག་པོ་མྱོང་མཁན་ཚང་མ་མི་དམངས་དཀྱུས་མ་ཡིན་པ་དང་། དམག་འཁྲུག་གི་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་། དེས་འཛམ་གླིང་ཡོད་ཚད་དངངས་སྐྲ་དང་སྡུག་བསྔལ་ནང་བརྫངས་ཀྱི་ཡོད། དམག་འཁྲུག་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། འགོ་ཁྲིད་རྣམས་ལ་འཛམ་གླིང་སྤྱི་ཁྱབ་ཀྱི་སྙིང་རྗེ་དང་བྱམས་པ་མེད་པའི་དབང་གི་ཡིན་པས། ང་ཚོས་སྙིང་རྗེ་ལྡན་པའི་འགོ་ཁྲི་མང་ཙམ་གསོ་སྐྱོང་བྱེད་དགོས་གལ་ཡིན་སྐོར་ནན་བརྗོད་གནང་།

དེ་ནས་ཁོང་གིས་མུ་མཐུད། ད་ཆར་རྒྱ་ནག་གཞུང་ནི་ཉིན་རེ་ནས་ཉིན་རེར་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་། ང་ཚོའི་འཐབ་རྩོད་དེའང་ཉིན་རེ་ནས་ཉིན་རེར་དཀའ་ཁ་ཆེ་རུ་འགྲོ་གི་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོ་བོད་མི་ཡོད་དོ་ཅོག་གིས་དེ་སྔ་ལས་ལྷག་བོད་དོན་འཐབ་རྩོད་ལ་ཤུགས་བསྣོན་བརྒྱབ་དགོས་ཀྱི་ཡོད་སྐོར་དང་། ད་ཆར་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡང་སྲིད་གནས་དོན་ཐད་ལའང་ལག་པར་བསྐྱངས་ནས། མ་འོངས་པར་ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་སྟངས་འཛིན་བྱེད་དགོས་བསམ་པའི་བསམ་ངན་བསྐྱངས་བཞིན་པའི་སྐབས། ང་ཚོས་ངེས་པར་ཏུ་འཛམ་གླིང་རྒྱལ་ཁབ་དང་དཔོན་རིགས་ཁག་ལ་གོ་རྟོགས་གང་ཡོང་སྤེལ་ནས་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་བྱེད་དགོས་པའི་ལས་གཞི་རྒྱ་ཆེར་གཏོང་དགོས་གལ་ཡིན་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་གནས་དོན་འདི་ནི་བོད་པའི་གནས་དོན་ཙམ་མིན་པར། འདི་ནི་རྒྱ་ནག་གཞུང་གིས་མ་འོངས་པར་རྒྱ་གར་གྱི་ཆ་ཁྱོན་ལ་དྭགས་དང་ཨ་རི་ན་ཅལ་།ད་དུང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ས་ཁུལ་ཁག་བཙན་བཟུང་བྱེད་པའི་དམིགས་ཡུལ་འགྲུབ་ཆེད་ཀྱང་ཡིན་པས།དེའི་ཐད་རྒྱ་གར་གཞུང་དམངས་གཉིས་ནས་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་གལ་སྐོར་ཡང་གསུངས།

ལས་རིམ་འདིའི་ཐོག མཐོ་སློབ་ཀྱི་ལས་སྣེ་མང་པོ་ཕེབས་ཡོད་པ་མ་ཟད། བརྗོད་གཞི་འདིའི་ཐད་དོ་སྣང་ཡང་ཆེན་པོ་གནང་པ་བྱུང་ཡོད།