༡༠༨ཞི་བདེ་ལྟེ་གནས་ཀྱིས་མཁས་དབང་བགྲོ་གླེང་གོ་སྒྲིག་བྱས།

༢༠༢༦ ལོའི་ཟླ་༥ ཚེས་༢༥ ཉིན། ༡༠༨ ཞི་བདེ་ལྟེ་གནས་ (108 Peace Institute) ཀྱིས་རྒྱ་གར་སྦེང་ལོར་རྒྱལ་སྤྱིའི་ལྟེ་གནས་ (Bangalore International Centre – BIC) སུ་ «བོད་ཀྱི་སྤྲུལ་སྐུ་ལམ་ལུགས། ཆོས་ཕྱོགས་ཀྱི་ལམ་སྲོལ།ཡུལ་བབ་ཆབ་སྲིད་དང་འཛམ་གླིང་ལ་ཤུགས་རྐྱེན།» (The Tibetan Buddhist System of Reincarnation: Spiritual Tradition, Geopolitics, and Global Implications)ཞེས་པའི་བརྗོད་གཞིའི་ཐོག་མཁས་དབང་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད།

ཐོག་མར་ ༡༠༨ ཞི་བདེ་ལྟེ་གནས་ཀྱི་ལས་གཞི་འགན་འཛིན་ལྕམ་བསྟན་འཛིན་སྒྲོལ་མཛེས་ (Ms. Tenzin Donzey) ཀྱིས་ཕེབས་བསུའི་གསུང་བཤད་གནང་ཞིང་། ཞིབ་འཇུག་ཁང་གི་དམིགས་ཡུལ་དང་ལས་འཆར་སོགས་ངོ་སྤྲོད་གནང། ཁོང་མོས་ལྟེ་གནས་ཀྱིས་གཙོ་བོར་རང་དབང་། མང་གཙོ། གནམ་གཤིས་འགྱུར་བར་གདོང་ལེན། དེ་བཞིན་༧གོང་ས་༸སྐྱབས་མགོན་༸ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་དང་བཀའ་སློབ་སོགས་ཁྱབ་སྤེལ་གཏོང་རྒྱུ་བཅས་ཡིན་སྐོར་གསུངས།

ཐེངས་འདིའི་ལས་རིམ་ཐོག་ཧར་ཝར་ཌི་སློབ་གྲྭའི་ཁྲིམས་ལུགས་སློབ་གླིང་གི་སློབ་དཔོན་དང་། བོད་ཀྱི་སྲིད་སྐྱོང་ཟུར་པ་མཁས་དབང་་བློ་བཟང་སེང་གེ་མཆོག རྒྱ་གར་གྱི་པདྨ་ཤྲཱི་གཟེངས་རྟགས་བཞེས་མྱོང་མཁན་དང་། ཝཱ་ར་ཎ་སིའི་དབུས་བོད་ཀྱི་མཐོ་སློབ་ཀྱི་རིག་བདག་ཟུར་པ་པདྨ་ཤྲཱི་དགེ་བཤེས་ངག་དབང་བསམ་གཏན་མཆོག དེ་བཞིན་སྦེང་ལོར་ཏཀྵ་ཤི་ལ་སྒོ་འཛུགས་ཚོགས་པའི་གསར་འཛུགས་པ་དང་འགན་འཛིན་སྐུ་ཞབས་ནི་ཏིན་པའེ་ (Mr. Nitin Pai)བཅས་ཆེད་དུ་ཕེབས་ཡོད།ཏཀྵ་ཤི་ལ་ཚོགས་པའི་ཞིབ་འཇུག་པ་ལྕམ་ཨ་ནུཤ་ཀ་སག་སེ་ན་ (Ms. Anushka Saxena) ཡིས་གཙོ་སྐྱོང་གནང་།

ལྕམ་ཨ་ནུཤ་ཀ་སག་སེ་ན་ཡིས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ཙམ་མ་ཡིན་པར།འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ས་ཁུལ་དབང་ཆའི་ཆབ་སྲིད་དོན་གནད་ཅིག་ཀྱང་ཡིན་སྐོར་འགྲེལ་བརྗོད་གནང་།མཁས་དབང་རྣམ་པས་སྤྱི་མོས་ཀྱི་དགོངས་ཚུལ་ནི། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༥པའི་ཡང་སྲིད་གནས་དོན་དེ་ནི་དགའ་ལྡན་ཕོ་བྲང་གིས་གཙོ་འགན་ཁུར་དགོས་པ་ལས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐད་ཐེ་ཇུས་བྱེད་པའི་དབང་ཆ་མེད་པ་དེ་རེད།

བོད་ཀྱི་སྲིད་ཟུར་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་གིས་ད་ལྟ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གནད་དོན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་།དེའང་ཁོང་ཚོས་༧རྒྱལ་བ་སྐུ་ཕྲེང་༡༥པ་གལ་ཆེན་རྩིས་དགོས་པ་ནི་རྒྱ་ནག་གཞུང་གི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༥བརྒྱུད་རྒྱ་གར་གྱི་མངའ་འོག་ཡོད་པའི་ས་ཁྱོན་མང་པོ་བཙན་འཕྲོག་བྱེད་རྒྱུ་དང་།ལ་དྭགས་གཙོས་ཧི་མ་ལ་ཡའི་ནང་པ་ཚོ་དབང་བསྒྱུར་བྱེད་ཆེད་ཡིན་པས།རྒྱ་གར་གཞུང་གིས་སོ་སོའི་ཆབ་སྲིད་དང་ས་ཁུལ་གནས་བབས་ཀྱི་ཆེད་དུའང་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་དང་ཁོང་ཚོས་ངོས་འཛིན་བྱེད་པའི་མ་འོངས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༥པར་རྒྱབ་སྐྱོར་བྱེད་དགོས་སྐོར་གནན་བརྗོད་གནང་སོང་།

པདྨ་ཤྲཱི་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་གཙོ་བོ་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་ཀྱི་རྨང་གཞིའི་སྐོར་གསུངས།ཁོང་གིས་སྐྱེ་བ་སྔ་ཕྱི་ལྟ་གྲུབ་དེ་བོད་ཁོ་ནར་ཡོད་པ་མིན་པར།རྒྱ་གར་གྱི་ཆོས་ལུགས་དང་ལྟ་གྲུབནང་ལའང་ཡོད་པ་དང་།དེ་ཡང་ནཱ་ལེནྡྲ།བིཀྲ་མ་ཤཱི་ལ།ཏཀྵ་ཤི་ལ་སོགས་ཀྱི་གནའ་བོའི་ཤེས་ཡོན་ལྟེ་གནས་ཁག་བརྒྱུད་དེ་ཉར་ཚགས་དང་བརྒྱུད་འཛིན་བྱས་ཡོད་པ་བརྗོད།ཁོང་གིས་ད་དུང་།ནང་པའི་ལྟ་གྲུབ་ལས།འཁོར་བ།ཐར་པའི་སྐོར་གྱི་གོ་བ་ལ་གཞི་བཞག་ནས།སེམས་ཅན་ཕལ་བ་རྣམས་ལས་ཀྱི་དབང་གིས་སྐྱེ་བ་ཕྱི་མ་ལེན་པ་དང་།མཐོང་ལམ་དང་སྒོམ་ལམ་མཐར་ཕྱིན་པའི་བླ་མ་དམ་པ་རྣམས་ཀྱིས་སེམས་ཅན་ལ་ཕན་བདེ་སྒྲུབ་ཕྱིར་རང་དབང་གིས་སྐྱེ་བ་ཕྱི་མ་བཞེས་ཐུབ་པ་བཤད།དེ་བཞིན་ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་སྐོར་གསུངས་ཏེ།ཀརྨ་པ་དང་༸ཏཱ་ལའི་བླ་མ་སྐུ་ཕྲེང་ཁག་དཔེར་བཞག་ནས།སྤྲུལ་སྐུ་ངོས་འཛིན་ནི་རྟགས་མཚན་དང་བཀའ་བབས་ཀྱི་བླ་མ་ཚད་ལྡན་གྱི་གསུང་ལ་གཞི་བཞག་སྟེ་བྱེད་པ་བརྗོད།དགེ་བཤེས་བསམ་གཏན་མཆོག་གིས་བོད་མི་རིགས་ཀྱིས་ནཱ་ལེནྡྲའི་བསྟན་པའི་སྲོལ་རྒྱུན་ཆ་ཚང་དང་ཡང་དག་པ་ཞིག་ཉར་ཚགས་བྱས་ཡོད་པ་དང་།༸ཏཱ་ལའི་བླ་མའི་གོ་གནས་དེ་ཡང་སྲོལ་རྒྱུན་དེའི་ཟབ་རྒྱས་ཆོས་རྒྱུད་ལས་བྱུང་བ་ཡིན་པ་ནན་གྱིས་གསུངས།

སྐུ་ཞབས་ནི་ཏིན་པའེ་ (Mr. Nitin Pai)ལགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ནས་རྒྱ་གར་གཞུང་གིས་མ་འོངས་༧ཏཱ་ལའི་བླ་མའི་ཡང་སྲིད་སྐོར་རྒྱ་གར་གཞུང་གིས་ལམ་ཕྱོགས་ཇི་ལྟར་ལེན་དགོས་ཀྱི་ཡོད་མེད་སྐོར་གསུངས། ཁོང་གིས་རྒྱ་གར་གཞུང་གིས་སོ་སོའི་ས་མཚམས་སྲུང་བའི་སྟོབས་ཤུགས་ཡོད་པས།༧ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་ལས་རྒྱ་གར་གྱི་མངའ་དབང་རྒྱ་ནག་ལ་ཤོར་རྒྱུ་ཡིན་པའི་སེམས་འཁྲེལ་དེ་ཙམ་མེད་ནའང་།གཙོ་བོར་ས་མཚམས་ལས་བྲལ་ཏེ་དཔལ་འབྱོར་དང་ཆབ་སྲིད་ཀྱི་དགོས་མཁོ་དབང་གིས་རྒྱ་གར་གཞུང་གིས་རྒྱ་ནག་དང་ཁ་ཐུག་གདོང་གཏུག་མི་དགོས་པའི་ཐབས་ཇུས་ག་རེ་ཡོད་མེད་སྐོར་བསམ་བློ་གཏོང་རྒྱུ་གལ་ཆེ་ཡིན་སྐོར་གསུངས།

མཐར་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྐུ་མགྲོན་རྣམ་པར་གཟེངས་རྟགས་ཕུལ་པ་དང་།ལས་རིམ་དེའི་སྔ་ཕྱི་བར་གསུམ་ལ་ཕྱག་རོགས་གནང་མཁན་ཚོ་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་གནང་རྗེས།ལས་རིམ་རྒྱལ་ཁ་ངང་མཇུག་སྒྲིལ།