པེ་ཅིང་གིས་“གཅིག་གྱུར་”ལ་དམིགས་པའི་ཐབས་བྱུས་དེ་ནི་རྒྱ་ནག་གི་ཞན་ཆ་ཞིག་ཏུ་འགྱུར་རྒྱུ།

                                                           —སྲིད་ཟུར་བློ་བཟང་སེང་གེ

རྒྱ་ནག་ནི་གང་མགྱོགས་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ནའང་།ཁོང་ཚོས་སྐད་ཡིག་དང་རིག་གཞུང་།ཆབ་སྲིད་བཅས་གཅིག་མཐུན་བཟོ་བར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།དེ་ནི་ཁོང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ཐབས་བྱུས་ནས་ཉམས་ཆག་འགྲོ་ཉེན་ཆེ་བའི་ཞན་ཆ་ཞིག་ཏུ་གྱུར་སྲིད།

ད་ལྟ་རྒྱ་ནག་ནི་འཛམ་གླིང་གི་འགོ་ཁྲིད་བྱེད་འདོད་ཡོད་པ་རེད།ཁོང་ཚོའི་བཟོ་གྲྭ་ཚོས་འཛམ་གླིང་གི་ཐོན་རྫས་མཁོ་སྤྲོད་ཀྱི་འབྲེལ་ཐག་ལ་དབང་བསྒྱུར་བྱེད་ཀྱི་ཡོད་པ་དང་།བཟོ་སྐྲུན་བ་ཚོས་གྲུ་ཁ་དང་མེ་འཁོར་ལྕགས་ལམ།ཟམ་པ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད།ཁོང་ཚོའི་བཟོ་སྐྲུན་གྱི་དམིགས་ཡུལ་དེ་ཉིད་ཨ་ཤེ་ཡ་ནས་ཨ་ཧྥི་རི་ཁ།དེ་ནས་ཡུ་རོབ་རྒྱལ་ཁབ་ཁག་ལ་སྲིང་གི་ཡོད་མོད།འཛམ་གླིང་གི་འགོ་ཁྲིད་ནི་བཟོ་སྐྲུན་ཁོ་ནས་ཡོང་བ་ཞིག་མ་རེད།ལོ་རྒྱུས་ནས་ཤེས་ཐུབ་པ་ནི།རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཤུགས་རྐྱེན་ཐེབས་ནུས་པ་ལ་ཀ་བ་ལྟར་ཆ་རྐྱེན་གསུམ་ཡོད་པ་སྟེ།དེ་དག་ནི་དཔལ་འབྱོར་གྱི་ནུས་སྟོབས།འཇམ་པོའི་ནུས་ཤུགས་དང་ཆབ་སྲིད་ཀྱི་རང་དབང་བཅས་ཡིན་པ་རེད།རྒྱ་ནག་ལ་མཚོན་ན།དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་གྱུར་ཟིན་ནའང་།ཁོང་ཚོས་ཆབ་སྲིད་ཀྱི་དབང་བསྒྱུར་དང་རིག་གཞུང་གི་གཅིག་གྱུར་བྱེད་པའི་དམིགས་ཡུལ་དེས།པེ་ཅིང་གིས་འཛམ་གླིང་སྣེ་ཁྲིད་བྱེད་པའི་འཇམ་པོའི་ནུས་ཤུགས་ནུས་མེད་འགྲོ་བར་ཉེན་ཁ་ཡོད་པ་ཞིག་ལོས་ཡིན།

དཔེ་མཚོན་ཞིག་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཁྲིམས་ལུགས་དེ་རེད།ཁྲིམས་ལུགས་དེས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་ཀྱི་སྐད་ཡིག་ཤུགས་ཆེར་གཏོང་རྒྱུ་དང་།མི་རིགས་གཅིག་གྱུར་གྱི་སྲིད་བྱུས་དེའི་འོག།བོད་དང་ཡུ་གུར།སོག་པོ་སོགས་ཀྱི་སྐད་ཡིག་ལ་ནུས་མེད་གཏོང་ཐབས་བྱེད་ཀྱི་ཡོད།

ཕྲུ་གུ་ཚོར་མཚོན་ན།འདི་ལྟ་བུའི་འགྱུར་བ་དེས་ཁོང་ཚོའི་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད།སྐད་ཡིག་ནི་ཕན་ཚུན་འབྲེལ་བ་བྱེད་པའི་ཡོ་བྱད་ཙམ་དུ་མ་ཟད།དེ་ནི་རིག་གཞུང་དང་ཆོས་ལུགས།ལོ་རྒྱུས་སོགས་ཀྱི་དྲན་པ་ལྟ་བུ་རེད།ཡིན་ནའང་།རྒྱ་ནག་ནི་སྐད་ཡིག་གཅིག་གྱུར་བྱེད་པའི་ཐལ་ཆ་ཆེ་བའི་ཁ་ཕྱོགས་སུ་འགྲོ་བཞིན་པ་ལས།ཁོང་ཚོ་སྐད་རིགས་སྣ་འཛོམས་ཀྱི་དགེ་ཚན་ཕྱོགས་སུ་བསྐྱོད་ཐུབ་ཀྱི་མེད་པ་རེད།

གཅིག་གྱུར་ཞེས་པ་འདིས་རྒྱ་ནག་གི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་ལ་བསྐུལ་མ་གཏོང་གི་ཡོད་པ་རེད།ཆོས་ལུགས་ཀྱི་སྡེ་ཚན་ཁག་རྒྱ་ནག་གུང་ཁྲན་ཏང་གི་ལྟ་གྲུབ་དང་ལམ་ཕྱོགས་ལ་ཁ་བསྒྱུར་བྱེད་པ་དང་།དེ་ནི་རྒྱ་ནག་གཞུང་གི་རིག་གཞུང་བཅོས་བསྒྱུར་ལག་བསྟར་བྱེད་རྒྱུ་དེ་རེད།ཡི་ཤུའི་ལྷ་ཁང་ནང་རྒྱ་གྲམ་རྟགས་མཚོན་དེ་མེད་པ་བཟོ་རྒྱུ་བཙན་བཀའ་གཏོང་པ་དང་།ཁ་ཆེའི་ལྷ་ཁང་གི་མཚོན་རྟགས་སོགས་ཀྱང་མེད་པ་བཟོ་དགོས་པ་སོགས་བཙན་བཀའ་གཏོང་ནས་ཆོས་ལུགས་ཁག་གི་དགོན་པ་དང་ལྷ་ཁང་སོགས་ནུབ་ཕྱོགས་ཀྱི་བཟོ་བཀོད་མེད་པར་རྒྱ་ནག་ཅན་དུ་བསྒྱུར་པ་དེ་རེད།ཡི་ཤུའི་འཁྲུངས་སྐར་དང་ཁ་ཆེའི་དུས་ཆེན་སོགས་སྲུང་བརྩི་བྱེད་པར་སེམས་ཤུགས་གཅོག་གི་ཡོད།ཆོས་སྡེ་ཁག་གི་ནང་གུང་ཁྲན་ཏང་གི་འབོད་སྒྲ་དང་།ཞིས་ཅིང་ཕིང་གི་བསམ་བློ།རྒྱ་ནག་གཞུང་གི་མོས་མཐུན་བྱས་པའི་རིན་ཐང་སོགས་བརྟན་དུ་མངོན་གྱི་ཡོད།

བོད་ནང་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་བྱུས་དེས་ལོ་རྒྱུས་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད།བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པ་རེད།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༡༩༥༠ནས་འགོ་བརྩམས་ཏེ་བོད་ལ་བཙན་འཛུལ་མ་བྱེད་སྔོན་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད།བོད་མི་རྣམས་ལ་མཚོན་ན།རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་མཉམ་བསྲེས་བྱེད་པའི་སྲིད་བྱུས་དེས་བོད་ཀྱི་སྒྲོམ་གཞི་ལ་བསྒྱུར་བ་གཏོང་ཐབས་ཡིན་པ་མ་ཟད།དེ་ལས་བརྒལ་ཏེ་རྒྱ་ནག་གིས་བོད་ས་ཡོངས་རྫོགས་སྟངས་འཛིན་ཁ་ལོ་བསྒྱུར་བའི་ཆེད་དུ་ཡིན་པ་རེད།

སྲིད་བྱུས་འདིའི་ནང་མིང་དང་ཐ་སྙད་སོགས་ལ་བཅོས་བསྒྱུར་གཏོང་པ་དེའང་ཚུད་ཀྱི་ཡོད།རྒྱ་གཞུང་གིས་བོད་ལ་དབྱིན་སྐད་ཐོག་Tibetཞེས་འབོད་མཚམས་བཞགས་པ་དང་དེའི་ཚབ་ཏུ་Xizangཞེས་བཀོལ་སྤྱོད་བྱེད་པར་ཐབས་ཤེས་དང་ལག་བསྟར་བྱེད་ཀྱི་ཡོད་པ་རེད།ཐབས་ལམ་དེའི་ཐོག་བོད་ལ་ངོས་འཛིན་བྱེད་སྟངས་དང་ཤེས་རྟོགས་སོགས་ལ་སྤྱི་ཡོངས་ནས་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད།

ཤེས་ཡོན་སྲིད་བྱུས་འདིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཐུབ་པར་སྐུལ་འདེད་བྱེད་ཀྱི་ཡོད།རྒྱ་ནག་གིས་གཞུང་འབྲེལ་སྟངས་འཛིན་འོག་བོད་ཁྱོན་ཡོངས་སུ་གཏན་སྡོད་སློབ་གྲྭ་ཇེ་མང་དུ་གཏོང་བཞིན་པ་དང་།ད་བར་བོད་ཕྲུག་ས་ཡ་གཅིག་ཙམ་རང་ཉིད་ཀྱི་ནང་མི་དང་ཁ་བྲལ་ཏེ་བཅའ་སྡོད་སློབ་གྲྭའི་ནང་བཅུག་ཡོད་པ་རེད།ཉེ་འཁྲིས་ཀྱི་གྲོང་གསེབ་དེ་དག་གི་བུ་ཕྲུག་ཀྱང་ཐར་པ་གཏོང་མེད།དེ་ནི་འཆར་གཞི་དང་ཐབས་བྱུས་ལྡན་པའི་ཐོག།བོད་ཕྲུག་རྣམས་ཀྱི་ཀླད་པ་བཀྲུས་ཏེ་ཆུང་དུས་ནས་ཆབ་སྲིད་དང་རིག་གཞུང་སོགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་།རྒྱ་ནག་གུང་ཁྲན་ཏང་གི་བསམ་བློའི་ཁ་ཕྱོགས་སུ་འཁྲིད་རྒྱུ་དེ་རེད།སྲིད་བྱུས་དེས་སྐད་ཡིག་མཉམ་བསྲེས་བྱེད་པ་མ་ཚད།གཞོན་སྐྱེས་ཚོ་ཆབ་སྲིད་དང་རིག་གཞུང་གཅིག་གྱུར་གྱི་ཁ་ཕྱོགས་སུ་འཁྲིད་ཐབས་བྱ་རྒྱུ་དང་།བོད་ཀྱི་སྐད་ཡིག་དང་།ནང་མིའི་ཤུགས་རྐྱེན།ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཤུལ་མེད་བཟོ་རྒྱུ་དེ་རེད།

པེ་ཅིང་གི་ཕྱོགས་ནས།སྲིད་བྱུས་འདི་ནི་ཐག་ཆོད་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།གཞུང་འཛིན་མི་སྣ་ཁ་ཤས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་པ་དང་།རྒྱ་སྐད་རྒྱ་ཡིག་དར་རྒྱས་གོང་འཕེལ་གཏོང་པ་ནི་རོ་སྒམ་ནང་གི་ལྕགས་གཟེར་ལྟར་བོད་དང་ཡུ་གུར།སོག་པོ་སོགས་ལ་མཚོན་ན།ཁོང་ཚོའི་ངོ་བོ་རྩ་མེད་བཟོ་པའི་གནད་འགག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

ལོ་རྒྱུས་ལ་ཕྱི་མིག་བལྟས་ན།ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་།རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་དང་སྲིད་པའི་དཔལ་ཡོན་ཡོད་ཚད་རྩ་མེད་ཤུལ་མེད་བཟོ་ཆེད།ཧ་ལམ་གྲྭ་བཙུན་ཁག་གི་དགོན་སྡེ་བརྒྱ་ཆ་༩༨ཙམ་གཏོར་བཤིག་བཏང་ཡོད་པ་དང་གྲྭ་བཙུན་བརྒྱ་ཆ་༩༩ཙམ་མི་སྐྱ་ལ་བཙན་ཕབ་བྱས་ཡོད།བོད་ཀྱི་རིག་གཞུང་བརྒྱ་ཆ་༧༥ལྷག་གཏོར་བཤིག་དང་རྩ་མེད་བཏང་ཡོད་པ་རེད།

ཡིན་ནའང་།བོད་ཀྱི་སྲིད་པའི་དཔལ་ཡོན་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་དང་།བོད་མི་ཚོས་དགོན་སྡེ་ཁག་བསྐྱར་གསོ་བྱས་ཡོད་པ་མ་ཚད།བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་གནང་ཐུབ་པའང་བྱུང་ཡོད།བོད་འདི་ཤུལ་མེད་བཟོས་པའི་གནས་སྟངས་འོག་སླར་ཡང་དར་རྒྱས་གོང་འཕེལ་བྱུང་པ་རེད།གནས་སྟངས་འདིའི་བརྒྱུད་བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་སྲིད་བྱུས་ཀྱི་ཐབས་ལམ་བརྒྱུད་ནས་རྩ་མེད་གཏོང་ཐུབ་ཀྱི་མེད་པར་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད།

རྒྱ་ནག་གི་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་བྱུས་དེ་རྒྱལ་མཚམས་བརྒལ་ཏེ་འཛམ་གླིང་ཤེས་རིག་གི་བསྐུལ་འདེད་ཞེས་པའི་ལས་འགུལ་དང་ཁུང་ཧྤི་ལྟེ་གནས་སོགས་གསར་འཛུགས་བྱས་ཏེ་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ཡིག་རྒྱ་སྐད་ཀྱི་བཀོལ་སྤྱོད་ཁྱབ་ཁུངས་རྒྱ་སྐྱེད་བཏང་དང་གཏོང་མུས་ཡོད་པ་རེད།དེ་དང་དུས་མཚུངས།རྒྱ་ནག་གིས་ལྟ་ཞིབ་ལག་རྩལ་གྱི་རིག་པ་དང་གཞུང་འཛིན་གྱི་ལམ་ལུགས་སོགས་ཕྱི་འདྲེན་བྱེད་ཀྱི་ཡོད།ལོ་བཅུ་ཕྲག་གོང་ནས་བོད་ནི་རྒྱ་ནག་གིས་ལྟ་ཞིབ་ཡོ་བྱད་བཀྲམ་པའི་ས་ཆ་ཐོག་མའི་གྲས་ཡིན་པ་རེད།དེང་སང་རྒྱ་ནག་གི་ལྟ་ཞིབ་ཡོ་བྱད་དང་གློག་མིག་བཅས་ས་ཡ་༧༠༠ཙམ་བཀོལ་སྤྱོད་བྱེད་དེ་གཞུང་འབྲེལ་གྱིས་ངོས་ལེན་དང་ཆོག་མཆན་ཡོད་ཐོག་ཁྱོན་ཡོངས་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པ་དང་།རྒྱལ་ཁབ་༨༠ལྷག་གིས་རྒྱ་ནག་གི་ལྟ་ཞིབ་ལག་རྩལ་བེད་སྤྱོད་གཏོང་གི་ཡོད།

རྒྱ་ནག་གི་སྲིད་བྱུས་དེའི་རྒྱབ་ལྗོངས་ཀྱང་འགོ་ཁྲིད་རྣམས་ལ་རག་ལས་ཡོད་ཚོད་རེད།ཁོང་ཚོའི་འགོ་ཁྲིད་མང་པོའི་ཤེས་ཡོན་རྒྱབ་ལྗོངས་ནི་བཟོ་སྐྲུན་ནམ་བཟོ་རིག་ཡིན་པ་རེད།རྒྱབ་ལྗོངས་དེས་སྟངས་འཛིན་དང་བཀོལ་ཐབས་ཀྱི་ལམ་ནས་རྙོག་གྲ་ཆེ་བའི་དཀའ་ངལ་རྣམས་སེལ་ཐབས་བྱེད་རྒྱུ་དེ་རེད།ཡིན་ནའང་།སྤྱི་ཚོགས་ནི་འཕྲུལ་ཆས་མ་རེད།རིག་གཞུང་གི་ངོ་བོ།ཆོས་ལུགས་དང་སྐད་ཡིག་ནི་འཛིན་སྐྱོང་གི་བཟོ་རིག་གིས་བསྐྱར་བཅོས་གཏོང་ཐབས་མེད་པ་རེད།སྤྱི་ཚོགས་ཀྱི་གནད་དོན་དེ་བཟོ་རིག་གི་གནད་དོན་བརྒྱུད་སེལ་ཐབས་བྱེད་པ་དེས་འཇམ་པོའི་སྟོབས་ཤུགས་དང་ཁྲིམས་ལུགས་དབང་འཛིན།རང་དབང་གི་གལ་གནད་སོགས་ཀྱི་ནུས་པ་ཇེ་ཆུང་དུ་གཏོང་རྒྱུ་ཡིན་པ་རེད།

བཟོ་རིག་གི་བསམ་བློ་འཁྱེར་སོ་ནི་རྒྱ་ནག་གི་རྒྱལ་སྤྱིའི་འཛུགས་སྐྲུན་ཐབས་བྱུས་ནང་གསལ་པོ་མངོན་གྱི་འདུག།རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ཐབས་བྱུས་ཀྱང་རྨང་གཞིའི་བཟོ་སྐྲུན་གྱི་སྒྲོམ་གཞིའི་ནས་བསྒྲུབས་པ་ཞིག་རེད།ལས་འཆར་ཁ་ཤས་ཀྱིས་རྨང་གཞིའི་བཟོ་སྐྲུན་ལ་ཁེ་ཕན་བསྐྲུན་ཡོད་ནའང་།ལས་འཆར་གཞན་པ་མང་པོར་ཕྱི་གསལ་ནང་གསལ་མེད་པ།ས་གནས་སུ་ཆ་ཤས་བླངས་མཁན་ཉུང་བ།འཛིན་སྐྱོང་གི་སྒྲོམ་གཞི་ཞེན་པ་སོགས་དཀའ་ངལ་མང་པོའི་དབང་གིས་འགོག་རྐྱེན་ཡོང་གི་ཡོད།ཕྱིའི་འཛུགས་སྐྲུན་གཅིག་པོས་ཡུན་རིང་གི་མཉམ་འབྲེལ་ཡོང་གི་མེད་པ་རེད།གཞུང་ལམ་དང་།གྲུ་ཚུགས།མེ་འཁོར་ལྕགས་ལམ་སོགས་བཟོ་སྐྲུན་ཐུབ་ནའང་།རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཡོང་པར་གཙོ་བོར་གུ་ཡངས་དང་འགན་འཁྲི།ས་གནས་སྤྱི་ཚོགས་ལ་གུས་ཞབས་བཅས་དགོས་པ་རེད།

རྒྱ་ནག་གཞུང་གིས་རྒྱུན་དུ་ཁོང་ཚོ་ནི་ནུབ་ཕྱོགས་ཀྱིས་འགོ་ཁྲིད་པའི་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཚབ་བྱེད་ནུས་པའི་རྣམ་པ་བསྐྲུན་གྱི་ཡོད་པ་རེད།ནུབ་ཕྱོགས་ཀྱི་སྒྲོམ་གཞི་ལ་སྐྱོན་དང་ནོར་འཁྲུལ་ཡོད་ནའང་།དེ་ནི་རང་དབང་དང་སྣ་འཛོམས་རང་བཞིན་གྱི་ལྟ་གྲུབ།གུས་བརྩི་བཅས་ཀྱི་གཞི་རྩའི་ཐོག་བསྐྲུན་ཡོད་པ་རེད།འདིའི་རིན་ཐང་ལ་འཛམ་གླིང་ཁྱོན་ཡོངས་ཀྱིས་གདེང་འཇོག་གནང་གི་ཡོད།

རང་དབང་གི་གཞི་རྩ་གཅིག་ནི་གཞུང་འཛིན་དབང་ཤུགས་ལ་སྐྱོན་བརྗོད་བྱེད་པའི་ནུས་པ་ལྡན་པ་དེ་རེད།མང་གཙོ་སྤྱི་ཚོགས་མང་པོའི་ནང་།མངོན་གསལ་དོད་པོས་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་པ།ངོ་རྒོལ་གྱི་ལས་འགུལ་རྩོམ་པ།སྲིད་བྱུས་ལ་ཁ་གཏད་གཅོག་པ།ཁྲིམས་ཁང་ལ་བརྟེན་ནས་གཞུང་གི་ཐག་གཅོད་ལ་བསྐྱར་ཞིབ་བྱེད་རྒྱུ་ཡོད་པ་རེད།

རྒྱ་ནག་ནང་གཙོ་འཛིན་ཞིས་ཅིང་ཕིང་ལ་སྐྱོན་བརྗོད་བྱེད་ན་བཙོན་འཇུག་དང་བཀག་ཉར་བྱེད་རྒྱུ་རེད།རྒྱ་མིའི་ཁྲིམས་ཁང་གཅིག་གིས་ཀྱང་ཞིས་ཅིང་ཕིང་ལ་ཁ་གཏད་ཀྱི་ཁྲིམས་ཐག་གཅོད་ཕོད་ཀྱི་མེད་པ་མ་ཟད།གཞུང་ཞབས་ལས་བྱེད་རྒན་པ་ཡིན་ནའང་གར་སོང་ཆ་མེད་གྱུར་ངེས་རེད།ཕྱི་ལོ་༢༠༢༠ལོར་རྒྱལ་ཡོངས་བདེ་འཇགས་ཁྲིམས་ཡིག་ཅེས་པར་ཁ་གཡར་ནས་ཧོང་ཀོང་ལ་དྲག་གནོན་བྱེད་པ་དང་།དགུང་ལོ་༧༥ཡིན་པའི་གསར་འགྱུར་ཚོང་ལས་པ་ཇཱིན་མིན་ལེ་བཙོན་འཇུག་བྱས་པ།དཔེར་མཚོན་འདི་དག་གིས་རྒྱ་ནག་ནང་བསམ་ཚུལ་མ་འདྲ་བ་ཡོང་པ་ནི་སོ་སོའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་གནད་དོན་ཞིག་ཡིན་པ་ལས་གཞུང་ལ་ངོ་རྒོལ་བྱེད་ཆོག་པའི་རང་དབང་ཡོད་པ་ཞིག་རྩ་བ་ནས་མིན།

རྒྱ་ནག་གིས་བཟོ་ལས་དང་འཛུགས་སྐྲུན།འཆར་འགོད་ལས་རིགས།ལས་འཆར་ཆེན་པོ་བཅས་ལ་མུ་མཐུད་དབང་བསྒྱུར་བྱེད་སྲིད་པ་རེེད་ལ།རྒྱལ་ཁབ་མང་པོས་ཀྱང་རྒྱ་ནག་གི་ཐོན་རྫས་ཉོ་རྒྱུ་དང་།རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་འཛུགས་སྐྲུན་ནང་ཆ་ཤས་ལེན་པ་མ་ཟད།རྒྱ་ནག་གི་མཁོ་འགྲིམས་ཐོན་སྐྱེད་ལ་བརྟེན་རྒྱུ་ཡིན་ནའང་།ཚོང་བཟོ་ཉོ་ཚོང་གི་ནུས་པ་དེས་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཐུབ་པ་ཁྱབ་ཀྱི་མེད་པ་རེད།

འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནི་འཆར་འགོད་སྒྲོམ་གཞི་ཞིག་མིན་པ་རེད།མི་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་དང་ཆོས་ལུགས།རིག་གཞུང་དང་ངོ་བོ་བཅས་ལ་ཆེ་མཐོང་གནང་གི་ཡོད།རང་དབང་དང་སྣ་མང་རང་བཞིན་གྱི་ལྟ་གྲུབ་ལ་དྲག་གནོན་བྱེད་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་ནི་སོ་སོའི་རྒྱལ་མཚམས་བརྒལ་ནས་ཆེ་མཐོང་དང་གདེང་འཇོག་རླག་གི་རེད།

རྒྱུ་མཚན་དེའི་དབང་གིས།རྒྱ་ནག་གཞུང་གིས་རྒྱལ་ཁབ་ཆིག་སྒྲིལ་ཐུབ་པའི་ཐབས་བྱུས་ལ་ཡིད་ཆེས་བྱེད་པའི་སྲིད་བྱུས་འདི་ཉིད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ལྟ་བའི་མཐོང་སྣང་ཇེ་ཞན་དུ་འགྲོ་རྒྱུ་རེད།བོད་ནས་ཤར་ཏུར་ཀེསི་ཐན་དང་།ནང་སོག།དེ་བཞིན་ཧོང་ཀོང་བར་དུ།སྐད་ཡིག་དང་རིག་གཞུང་།ཆབ་སྲིད་བཅས་གཅིག་གྱུར་བཟོ་ཐབས་ལ་འབད་བརྩོན་བྱེད་པ་དེས་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་འཛམ་གླིང་འགོ་ཁྲིད་བྱེད་པར་མཁོ་བའི་འཇམ་པོའི་སྟོབས་ཤུགས་ལ་ཉམས་ཆག་བཟོ་ཉེན་ཡོད་པ་རེད།

དཔལ་འབྱོར་ནུས་སྟོབས་ཀྱིས་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད་ནའང་།འཛམ་གླིང་གི་འགོ་ཁྲིད་ལ་མཚོན་ན།གཙོ་བོར་རང་དབང་དང་སྣ་མང་རང་བཞིན་གྱི་ཁྱད་ཆོས་བཅས་དཔལ་འབྱོར་ལས་བརྒལ་བའི་རྨང་གཞིའི་སྟོབས་ཤུགས་དེ་དགོས་ཀྱི་ཡོད།རྨང་གཞི་དེ་དག་མེད་གྱུར་ན།རྒྱ་ནག་གིས་འཛམ་གླིང་གང་སར་གཞུང་ལམ་དང་གྲུ་གཟིང་འབབ་ཚུགས།མེ་འཁོར་ལྕགས་ལམ་བཅས་འཛུགས་སྐྲུན་བྱེད་ཐུབ་ནའང་།མི་རྣམས་ཀྱིས་རྒྱ་ནག་གིས་འཛམ་གླིང་ཁ་ལོ་བསྒྱུར་ནུས་པའི་ཡིད་ཆེས་སླེབས་ཐུབ་པ་ནི་ཤིན་ཏུ་ནས་དཀའ་ཚེགས་ཆེ།།

སྒྱུར་པ་པོ། ཨ་རྫ་ཚང་བློ་བཟང་གྲགས་པ། (སྤྱི་ཟུར)