“ཆུ་རྙོག་ནང་ཉ་བཟུང་”བའི་དུས་ལ་སླེབས་ཡོད།

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
ད་ལྟའི་ཆ།འཛམ་གླིང་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་དང་འགྲོ་བཞིན་པ་རེད།དེ་སྔའི་གྲོགས་པོ་དགྲ་བོར་གྱུར་པ་དང་དེ་སྔའི་དགྲ་བོ་གྲོགས་པོར་གྱུར་བཞིན་པའི་གནས་སྟངས་ཤིེག་ལ་སླེབས་ཡོད།འཛམ་གླིང་དམག་ཆེན་གཉིས་པའི་རྗེས་མང་གཙོ་དང་དམར་ཤོག་གི་ལྟ་གྲུབ་འཐབ་རྩོད་དང་དེའི་རྐྱེན་གྱི་བྱུང་བའི་གྲང་དམག་ཀྱང་མཇུག་སྒྲིལ་ནས།ད་ལྟའི་ཆར་དཔལ་འབྱོར་གྱི་ཁེ་ཕན་ཡོད་མེད་ཀྱི་ཕྱོགས་ལྷུངས་སུ་གྱར་ཡོད་པ་རེད།ཁ་ནས་ཞི་བདེ་ཞེས་ཁ་དབྱངས་སྒྲོགས་པའི་གནས་དོན་ཡོད་ཚད་རིམ་བཞིན་ཡལ་ནས།སླར་ཡང་དམག་འཐབ་དང་དཔལ་འབྱོར་གྱིས་ཁ་ལོ་བསྒྱུར་བའི་གནས་སྟངས་ཤིག་ལ་སླེབས་པ་མ་ཟད།འཛམ་གླིང་ཁྱོན་ཡོངས་ལ་སོ་སོའི་སྟོབས་འབྱོར་འཕེལ་རྒྱས་བྱུང་པར་ཁེ་ཕན་ལྡན་ན།ཆབ་སྲིད་ཀྱི་ལྟ་གྲུབ་ཇི་ཡིན་ནི་འབྲེལ་མེད་དོན་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་དུས་རབས་ཤིག་ལ་སླེབས་ཟིན་པ་རེད།
ཆབ་སྲིད་ཀྱི་འགྱུར་བ་ནི་ཁེ་ཕན་ཆེ་ཆུང་ལ་བརྟེན་ནས་ཡོང་བཞིན་ཡོད་པ་རེད།ཆབ་སྲིད་ཀྱི་འགྱུར་འགྲུས་ཁྲོད་རང་དོན་འགྲུབ་པར་གཙོ་བོར་གོ་སྐབས་ཇི་ལྟར་དམ་འཛིན་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་རེད།བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད།ང་ཚོས་ད་བར་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲུས་ཁྲོད་གོ་སྐབས་ལེགས་འཛིན་གྱིས་རྒྱབ་སྐྱོར་འཚོལ་ཐབས་བྱས་པ་དང་།འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་ནང་ཕན་ཚུན་འགྲན་རྩོད་ཀྱི་གོ་སྐབས་ཁྲོད་བོད་ཀྱི་གནས་དོན་དེས་ཁོང་ཚོའི་ཕྱི་འབྲེལ་སྲིད་ཇུས་ལ་སྤྲོད་ཐུབ་པའི་ཁེ་ཕན་ཆེ་ཆུང་དབང་གིས་རྒྱབ་སྐྱོར་ཆེ་ཆུང་མང་པོ་ཐོབ་པ་རེད།དུས་རབས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར།བོད་ཀྱི་གནས་དོན་དེས་དེང་སྐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་ལ་ཕན་པའི་ཁེ་སང་ལའང་གྱུར་བ་ཕྱིན་ཟིན་པ་རེད།རྒྱ་ནག་གི་སྟོབས་ཤུགས་ཆེས་ཆེར་སོང་བའི་དུས་རབས་འདིར།བོད་དོན་གྱི་ནུས་པ་དེའང་ཇེ་ཆུང་ལ་སོང་དང་འགྲོ་མུས་རེད།འདས་པའི་ལོ་ངོ་མང་པོ་ཞིག་གི་ནང་།བཙན་བྱོལ་བོད་མི་རྣམས་ནི་ཆོལ་ཁའི་ལ་རྒྱ་སྐམ་པོ་ཞིག་གི་ཆེད་དུ་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པ་ལས།བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་འདོན་རྒྱུ་ཧ་ཅང་ཆུང་ཆུང་གྱུར།དུས་མཚུངས་སུ་བོད་དོན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་སྲིད་ཇུས་ལ་ཕན་ཐོགས་ཀྱང་ཇེ་ཆུང་ལ་སོང་པ་མ་ཟད།གནས་དོན་ཁ་ཤས་ཤིག་གིས་ཁོང་ཚོ་ལ་ཕན་རྒྱུ་ལས་གནོད་ཀྱི་ཡོད་པས།བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཁེ་སང་ཆུང་བའི་མ་འཇོག་ཅིག་ཡིན་པས་རེད།
འདས་པའི་ལོ་ཁ་ཤས་ནང་།བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་སོང་པ་དང་།བོད་མིའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཡང་སྔོན་ཆད་དང་བསྡུར་ན།ཧ་ཅང་ཉུང་ཉུང་ལ་ཆགས་ཟིན་པ་དང་།ཚོགས་པ་ཁ་ཤས་ནི་རྒྱུན་མཁྱོངས་མི་ཐུབ་པའི་དཀའ་ངལ་འདྲ་མིན་ནང་ལྷུང་ཟིན་པ་རེད།ཨ་རིའི་སྲིད་འཛིན་གསར་པ་སླེབས་པ་ནས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་རོགས་དངུལ་མཚམས་འཇོག་བྱས་པ་རེད།དེས་མ་ཚད་ཨ་རིའི་རོགས་དངུལ་ས་ཡ་མང་པོ་ཉུང་འཕྲི་བྱས་ཟིན་པ་རེད།དོན་དངོས་ཐོག་དེ་ནི་བོད་ཀྱི་གནས་དོན་དེའི་ཨ་རིའི་ཕྱི་འབྲེལ་ཐབས་ཇུས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཕན་ཐོགས་ཉུང་དུ་སོང་པ་དང་ཡང་ན་མེད་པ་ཆགས་པའི་རྐྱེན་རེད།ཨ་རི་གཞུང་གིས་ཕྱི་རྒྱལ་ཁག་ལ་རོགས་དངུལ་གནང་པ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ནའང་།ཁོང་ཚོའི་ཕྱི་འབྲེལ་ཆབ་སྲིད་ལ་ཁེ་ཕན་ཡོད་པ་རྣམས་ཀྱི་རོགས་དངུལ་ནི་མཚམས་འཇོག་བྱས་མེད་པ་རེད།དཔེར་ན།ཡུ་གུར་མི་རིགས་ཀྱི་འཐབ་རྩོད་ཆེད་མུ་མཐུད་ཨ་སྒོར་ས་ཡ་མང་པོས་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད།
ཉེ་ལམ་ཨ་རི་དང་རྒྱ་ནག་དབར་ལ་འགལ་ཟླ་སོང་པ་དང་།ལྷག་པར་ཉེ་ཆར་རྒྱ་ནག་ལ་བྱུང་བའི་གནས་ཚུལ་མང་པོ་དང་།རྒྱ་གར་དང་ར་ཤི་ཡ།བྱང་ཀོ་རི་ཡ་གཙོས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཆིག་སྒྲིལ་གྱི་སྣང་པ་ཐོན་པའི་གནས་ཚུལ་མང་པོས།ཨ་རིའི་གཞུང་ལ་ཕོགས་གཏུག་ཆེན་པོ་སོང་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས་ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མིང་ཐོག་ནས།གང་མགྱོགས་ཨ་རིའི་བོད་ཀྱི་འབྲེལ་འཐུད་པ་བསྐོ་གཞག་གནང་དགོས་སྐོར་གྱི་འབོད་སྐུལ་བྱས་ཡོད་པ་མ་ཟད།བོད་མིའི་སྒྲིག་འཛུགས་ལ་ས་ཡ་བདུན་གྱི་རོགས་དངུལ་སྤྲོད་པ་རེད།འདི་དག་ཡོད་ཚད་ཨ་རིའི་ཆབ་སྲིད་ཀྱི་ཁེ་ཕན་དབང་གིས་ཡིན་པ་ལས།གཞན་རྒྱུ་མཚན་གང་ཡང་མེད་པ་རེད།འདི་ལྟ་བུའི་གནས་སྟངས་འོག།ང་ཚོས་ཀྱང་དུས་དང་རྣམ་པ་ཀུན་དུ་གོ་སྐབས་དམ་འཛིན་བྱེད་དགོས་གལ་རེད།ཆབ་སྲིད་ཀྱི་འཐབ་རྩོད་ནི་གཡུལ་ས་དང་གཉིས་སུ་མེད་པས།གནའ་རབ་དམག་འཐབ་ཀྱི་ཐབས་ཇུས་ནང་“ཆུ་རྙོག་ནང་ཉ་བཟུང་བ་”ཞེས་པ་ཞིག་ཡོད།ལྟ་གྲུབ་མ་མཐུན་པའི་ཤོག་ཁ་གཉིས་ཀྱིས་འཁྲུག་རྩོད་ཁྲོད།སོ་སོའི་དགོས་མཁོ་དང་བསྟུན་གོ་སྐབས་དམ་འཛིན་བྱེད་རྒྱུ་དེ་རེད།རྒྱུ་མཚན་དེས་ན།ང་ཚོས་ཨ་རིའི་གཞུང་ལ་རོགས་དངུལ་མང་དུ་གཏོང་པ་དང་དེ་སྔ་སྒོ་རྒྱབ་ཟིན་པའི་རླུང་འཕྲིན་ཁང་བཅས་སླར་ཡང་སྒོ་ཕྱེ་ཐུབ་པ་ལ་ཤུགས་གནོན་རྒྱོབ་ནས་གོ་སྐབས་འཚོལ་སྒྲུག་བྱེད་དགོས།གོ་སྐབས་ནི་སོང་ཟིན་ན་སླར་ཡང་ཡོང་རྒྱུ་དཀའ་བས།བཙན་བྱོལ་བོད་མིའི་འགོ་ཁྲིད་དང་རྒྱབ་སྐྱོར་ཚོགས་པ་ཟེར་བ་ཚོས་ཅིས་ཀྱང་དམ་འཛིན་བྱེད་དགོས་སྙམ།རྒྱུ་མཚན་ནི་ད་ལྟ་ “ཆུ་རྙོག་ནང་ཉ་བཟུང་”བའི་དུས་ལ་སླེབས་ཡོད།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།