ངས་ངོ་ཤེས་པའི་སྲིད་སྐྱོང་བློ་བཟང་སེང་གེ། (ལེའུ་གསུམ་པ)

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
ཁ་སང་སྲིད་ཟུར་བློ་བཟང་སེང་གེས་རྒྱུན་ལྡན་ལྟར་ང་ལ་ཞལ་པར་ཞིག་བཏང་ནས།ཁོང་དྷ་ས་ལ་ཡོད་པ་དང་༧མགོན་པོ་གང་ལ་བརྟན་བཞུགས་ཕུལ་པ་སོགས་བཀྲ་ཤིས་ལེགས་འགྲུབ་བྱུང་པ་མ་ཟད།༧མགོན་པོ་གང་ཉིད་སྐུ་གཟུགས་གསལ་ཐང་དང་ཁོང་དགུང་ལོ་བརྒྱ་དང་བཅུ་ཕྲག་ཁ་ཤས་བཞུགས་རྒྱུ་ཡིན་པས་ཁྱོད་ཚོས་བློ་བདེ་པོ་བྱོས་ཞེས་བཀའ་གནང་སོང་བས་སེམས་ནང་བརྗོད་མི་ཤེས་པའི་དགའ་ཚོར་བྱུང་སྐོར་སོགས་མང་པོ་གསུངས་སོང་།ཁོང་གི་བཀའ་མོལ་ནས་ང་རང་ཡང་དགའ་ཚོར་ཆེན་པོ་བྱུང་།
ནམ་དུས་འདི་ནི།དྷ་ས་ལ་མཚོན་ན་ཆར་དུས་ཡིན་པ་དང་།ང་དང་སྲིད་ཟུར་ངེད་གཉིས་དེ་སྔ་དྷ་སའི་རི་མགོ་ལ་སྤྲོ་འཆམ་ཡང་ཡང་འགྲོ་བའི་ནམ་དུས་ཤིག་ཀྱང་ཡིན།རྒྱ་གར་ཧི་མ་ཅལ་མངའ་སྡེ་ནི་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ས་ཁུལ་ཞིག་ཡིན་པ་དང་།ས་ཁུལ་དེའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད།བྱང་རྒྱུད་ཀྱི་ས་མཐའ་ཡོད་ཚད་བརྗིད་ཅིང་གནམ་ལ་ཟུག་པ་ལྟ་བུའི་གངས་རི་དང་རྫ་རི།སྤང་རི་སོགས་ཀྱིས་བསྐོར་ནས་ཡོད།མངའ་སྡེ་འདི་ན་རིག་གཞུང་ཕྱུག་ཅིང་རང་བྱུང་གི་ཁུར་ཡུག་ལྷ་ཡུལ་མི་ཡུལ་དུ་འཕོ་བ་ལྟར་ཡོད་པས།འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་བ་མང་པོའི་ཕུགས་བསམ་གྱི་གནས་མཆོག་ཏུ་གྱུར།རི་བོ་དང་ཆུ་རྒྱུན་མང་བའི་ས་བབས་འདིས།གཅིག་ས་ནས་ས་ཁུལ་འདིར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཐོན་ཁུངས་ཆེན་པོ་བསྐྲུན་པ་དང་།གཉིས་ས་ནས་སོ་ནམ་ཞིང་ལས་དང་ཤིང་ཏོག་གི་ཐོན་ཁུངས་ཕྱུག་པོ་བཟོས་པ་རེད།ཧི་མ་ཅལ་ནི་རྒྱ་གར་མངའ་སྡེ་གཞན་པ་དང་མི་འདྲ་བར།ས་ཁུལ་འདི་ལ་དེང་རབ་ཀྱི་བཟོ་གྲྭ་དང་རྒྱལ་ཕྱི་ནང་ལ་སྐད་གྲགས་ཡོད་པའི་ནང་འདྲེན་ཕྱིར་འཚོང་གི་དཔལ་འབྱོར་སྡེ་ཚན་མང་པོ་མེད་པ་རེད།ཡུལ་སྐོར་སྤྲོ་འཆམ་དང་ཞིང་ལས་ཐོན་ཁུངས་ཕུད།ས་ཁུལ་འདིའི་ཆུ་གློག་གི་ཐོན་ཁུངས་ཆེ་བས་གློག་ཚོང་གི་ཡོང་བབས་ཆེན་པོ་ཡོད་པ་ཡིན་དུས།ཧི་མ་ཅལ་ནི་ཆུ་གློག་གི་ཐོན་ཁུངས་ཆེ་བའི་མངའ་སྡེ་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་དང་མི་འདྲ་བར།ཧི་མ་ཅལ་མངའ་སྡེ་ནི་དབྱར་དགུན་སྟོན་དཔྱིད་བཅས་ནམ་དུས་བཞིའི་དབྱེ་མཚམས་གསལ་ཞིང་།ནམ་དུས་བཞིའི་དམིགས་བསལ་གྱི་ཁྱད་ཆོས་དང་མཛེས་སྡུག་ལ་ལོངས་སུ་སྤྱོད་ཐུབ་པའི་ས་ཁུལ་ཞིག་ཡིན་པ་རེད།དྷ་རམས་ས་ནི་ཧི་མ་ཅལ་མངའ་སྡེའི་ནང་གི་ཆེས་འདུ་འཛི་ཆེ་ཞིང་འཛམ་གླིང་ས་ཕྱོགས་གང་ས་ནས་སླེབས་པའི་ཡུལ་སྐོར་སྤྲོ་འཆམ་བ་མང་པོ་འཛོམས་སའི་ས་གནས་ཤིག་ཡིན་པ་རེད།དྷ་རམ་ས་ལ་ནི་མངའ་སྡེ་འདིའི་ཁྱབ་ཁུངས་ཀྱི་རི་བརྒྱུད་གྲོང་གསེབ་ཤིག་ཡིན་པ་དང་།ས་གནས་འདིའི་ནམ་དུས་བཞིའི་མཛེས་སྡུག་ནི་ཚིག་སྦྱོར་ནས་འགྲེལ་བརྗོད་དཀའ་བ་ཞིག་ཡིན་ལ།དྷ་སའི་རི་སུལ་གྱི་རྐང་ལམ་ཕྲ་མོ་དེ་དག་ཀྱག་ཀྱོག་ཆེ་ཞིང་གུ་དོག་ཡིན་ནའང་།རྐང་ལམ་རེ་རེ་ནས་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་མ་འདྲ་བ་རེ་ལ་འཁྲིད་ཐུབ་ཀྱི་ཡོད།རྡོ་ལ་དྷའི་རི་རྒྱུད་ཀྱི་འདབས་སུ་ཐན་ཐོན་གྱི་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེངས་ལ།ཡན་ལག་བརྒྱད་ལྡན་གྱི་གངས་ཆུ་ཐུར་དུ་བབས་ནས་རྫ་རྡོ་དང་ཆུ་རྡོའི་སུལ་ནས་གླུ་དབྱངས་ལེན་པ་ལྟར་ཀུ་ཅོ་སྒྲོག་ཅིང་སྦ་སུལ་གྱི་ལུང་གཤོང་ནས་རྒྱུག་གི་ཡོད།དབྱར་ཁར་དྷ་སའི་སྲང་ལམ་ཡོད་ཚད་མགྲོན་པས་ཁེངས་ཤིང་སྦ་སུལ་གྱི་རྐང་ལམ་དེ་དག་ནི་མི་ཚོགས་ཀྱིས་ཚང་ཁ་ཤིག་ཤིག་ཡིན།
དབྱར་ཟླ་དྲུག་པ་ནས་དགུ་པའི་བར་ནི་དྷ་སའི་ཆར་དུས་ལ་ཁེལ་གྱི་ཡོད་པ་དང་།སྐབས་རེར་བདུན་ཕྲག་གཅིག་ཙམ་རིང་ཆར་པ་རྫོགས་རྒྱུ་མེད་པ་གཏོང་ནས་ཁང་པའི་ནང་ལ་བཞའ་ཚན་སླེབས་ནས་གྱོན་གོས་ཡོད་ཚད་རླན་བཤེར་ཏུ་སྒྱུར་གྱི་ཡོད།དེ་ནི་ཆེས་ཉོབ་སྣང་སྐྱེས་པའི་དུས་ཚིགས་ཤིག་ཡིན་མོད།ནམ་ཟླ་འདིའི་ནང་རི་སུལ་གྱི་རྐང་ལམ་སྙེགས་ནས་རི་མགོ་ལ་འཆམ་འཆམ་འགྲོ་རྒྱུ་ནི་ཆེས་སྤྲོ་སྣང་ལྡན་པ་ཞིག་ཡིན།གཟའ་འཁོར་གཅིག་ལ་ང་དང་སྲིད་སྐྱོང་བློ་བཟང་སེང་གེ་ངེད་གཉིས་རི་མགོ་ལ་འཆམ་འཆམ་ཐེངས་རེ་འགྲོ་གི་ཡོད།ཆར་པའི་རྗེས་ཀྱི་རྐང་ལམ་དེ་དག་མཚམས་མཚམས་འདམ་པས་ཁེངས་ནས་འགྲོ་བསྐྱོད་ཀྱང་མི་བདེ།ང་ཚོ་བོད་ཁྱིམ་རི་རྒྱབ་ཀྱི་བྱ་བྲལ་བ་ཚོའི་་བཞུགས་གནས་ནས་རིམ་གྱིས་གྱེན་དུ་འཐེན་པའི་རྐང་ལམ་བསྙེགས་ནས་རི་མགོ་ལ་འགྲོ་པ་དང་།དེ་ནས་གཡས་སྐོར་གྱིས་རྐང་ལམ་འདེད་ནས་རྒོད་ཚང་མགྲོན་ཁང་ཕྱོགས་སུ་འགྲོ་གི་ཡོད།འགྲུས་ལམ་ན་ཁྲག་འཇིབ་རྐང་འབུ(Leeches)མང་པོ་ཡོད་པས།གོ་མེད་ཚོར་མེད་ཀྱིས་རྐང་པའི་ཐོག་མང་པོ་སྦྱར་ཡོང་གི་ཡོད།རྐང་འབུ་དེ་ནི་ཟུངས་ཁྲག་ལ་ཧ་ཅང་དགའ་པོ་ཡོད་པས།ཕྲ་ཞིང་རྣོ་བའི་མགོ་བོ་དེ་ཉིད་ཤ་ལྤགས་ནང་འཛུལ་ཏེ་ཤུགས་ཀྱིས་མ་འཐེན་ན་ཤ་ལྤགས་དང་བྲལ་ཐབས་ཀྱང་མེད།དང་ཐོག་ངས་རྐང་འབུ་དེ་དག་རྐང་པའི་ཐོག་སྦྱར་པ་མཐོང་དུས།ལག་པས་ཤུགས་ཀྱིས་འཐེན་ནས་གཡུག་གི་ཡོད་མོད།སྲིད་སྐྱོང་བློ་བཟང་སེང་གེས་རྐང་འབུ་དེ་ནི་གསོ་བ་རིག་པའི་གཞུང་ལུགས་ནང་ནད་བཅོལ་གྱི་སྨན་འབུ་ཞིག་ཡིན་ཚུལ་དང་།ལྷག་པར་རྒྱ་ནག་དང་ནུབ་ཕྱོགས་གསོ་བ་རིག་པའི་གཞུང་ལུགས་དག་ནས་ཀྱང་དེའི་ཕན་ཡོན་མང་པོ་གསུང་ཡོད་པ་དང་།རྒྱུ་མཚན་ནི་རྐང་འབུ་དེས་མིའི་ཟུངས་ཁྲག་བཙོག་པོ་དེ་དག་འཇིབ་པ་ལས་ཟུངས་ཁྲག་ཡག་པོ་དེ་དག་འཇིབ་ཀྱི་ཡོད་མ་རེད་ཅེས་དེ་སྔ་སྨན་པ་ཞིག་གིས་གསུང་སོང་ཟེར།མཚམས་རེར་ཁོང་གིས་ཀུ་རའི་ཚུལ་དུ་ཁྱོད་རང་གིས་རྐང་འབུ་དེ་ཚོ་ལ་ཁྲག་གི་སྦྱིན་པ་ཏོག་ཙམ་གཏོང་ན་དགེ་བའང་ཡོད་པ་རེེད།ཕྱི་ལོག་ལ་སྒོར་མོ་སྤྲོད་ནས་རྐང་འབུ་འདིས་སོ་རྒྱག་ཏུ་འཇུག་གི་ཡོད།འདི་གར་རེན་མེད་ཀྱི་སྨན་བཅོས་ཡོད་དུས་ཁེ་སང་མ་རེད་བས་ཞེས་རྩེད་མོའི་ཚུལ་དུ་གསུངས།རྐང་འབུ་དེས་སོ་བརྒྱབ་རྗེས་རྨ་ཤུལ་ཀྱང་ལུས་ཀྱི་ཡོད་པས།ཁོང་གིས་རྨ་ཤུལ་གསོ་བའི་ཐབས་ལམ་ཀྱང་མཁྱེན་གྱི་ཡོད།རྐང་འབུ་དེས་ཟུངས་ཁྲག་ཡིད་ཚིམ་པ་འཇིབ་རྗེས་ཁོ་རང་རང་བཞིན་གྱིས་ཟགས་ཡོང་གི་ཡོད།གལ་སྲིད་རྨ་ཤུལ་ལ་བདག་སྐྱོང་མ་བྱེད་ཚེ།ཟ་འཕྲུག་ལངས་ནས་ཡུན་རིང་དྲག་སྐྱེས་ཡོང་གི་མེད་པ་དང་།མཚམས་རེར་རྨ་ཇེ་ཆེར་སོང་ནས་ཛ་དྲག་གི་གནས་སྟངས་སུ་གྱར་སྲིད་པ་ཡིན།སྲིད་སྐྱོང་བློ་བཟང་སེང་གེས་རྨ་ཤུལ་གསོས་ཐབས་ལ་ཕན་པའི་རྩི་ཤིང་སྐོར་ཤེས་ཀྱི་ཡོད་པ་མ་ཟད།ཁོང་གིས་རྩི་ཤིང་དེ་བེད་སྤྱོད་གཏོང་སྟངས་སྐོར་ཀྱང་མཁྱེན་གྱི་ཡོད་པ་རེད།རྩི་ཤིང་དེ་ནི་དྷ་སའི་རྐང་ལམ་གཡས་གཡོན་ལ་མང་པོ་སྐྱེས་ཡོད་པ་དང་།རྩི་ཤིང་ཆུང་ཆུང་དེའི་ལོ་མ་ཞིབ་ཞིབ་བཟོས་ནས་རྐང་འབུས་སོ་བརྒྱབ་ཤུལ་ལ་བྱུག་ན།ཁྲག་དང་རྨ་ཤུལ་ལ་ཟ་འཕྲུག་ལངས་པར་འགོག་གི་ཡོད།ཐབས་ལམ་དེའི་་དབང་གིས་རྐང་འབུ་དེས་ཁྲག་འཇིབ་པ་ཡིན་ནའང་།སྐྱོན་ཆེན་པོ་མེད་པ་རེད།
རི་མགོ་འགྲོ་བའི་དུས་ཡུན་རིང་།ཁོང་གིས་ང་ལ་ཆབ་སྲིད་དང་དཔལ་འབྱོར།རིག་གནས་དང་རྒྱུན་ཤེས་སོགས་ཀྱི་སྐོར་མང་པོ་གསུང་གི་ཡོད།ཁོང་གི་བསམ་བློའི་ནང་བོད་མི་རིགས་ཀྱི་འཐབ་རྩོད་དང་དེའི་མ་འོངས་ལས་དབང་སྐོར་རྐྱང་རྐྱང་ཡིན་བས།ངས་ཀྱང་ཁོང་གི་སར་སློབ་སྦྱོང་མང་པོ་རག་གི་ཡོད།རི་སུལ་གྱི་རྐང་ལམ་ཕྲ་མོའི་གཡས་གཡོན་གྱི་རྩི་ཤིང་ཡོད་ཚད་ལྗང་མདོག་གི་ཚོན་གདངས་རྒྱས་ཞིང་།རྩི་ཤིང་གི་ལོ་མ་དེ་དག་ན་ཆར་ཆུའི་ཟིལ་མ་རེ་རེ་བཞིན་དལ་གྱིས་ཐུར་ཏུ་ཟགས་པས།རང་བྱུང་གི་མཛེས་སྡུག་དམིགས་བསལ་བ་ཞིག་ཡོད།ལམ་ཕྲན་ཁ་ཤས་སར་རི་མགོ་ནས་བབས་པའི་ཆུ་ཕྲན་མང་པོ་རྒྱུགས་ཀྱི་ཡོད་ལ།ཆུ་ཕྲན་དེ་དག་གི་སྐད་ཅོ་དག་ནི་རང་བྱུང་གི་གླུ་དབྱངས་ལྟར་ཏུ་སྣང་།ང་ཚོ་རྒོད་ཚང་མགྲོན་ཁང་ལ་སོང་ནས་ངལ་གསོ་འཁྱུག་ཙམ་བརྒྱབ་རྗེས།གཡོན་སྐོར་བརྒྱབ་ནས་བོད་ཁྱིམ་ཕྱོགས་སུ་འགྲོ་གི་ཡོད།དེ་ནས་ཐུར་ལམ་བསྙེགས་ཏེ་སོང་ཙ་ན།རྒྱ་གར་གྲོང་གསེབ་དེ་འདྲ་ཡོད།སྲིད་སྐྱོང་བློ་བཟང་སེང་གེ་ལམ་འགྲམ་གྱི་ཟ་ཁང་ནང་ལ་འགྲོ་རྒྱུ་ཧ་ཅང་དགའ།ངས་ཁོང་ལ་ང་ཚོ་ཟ་ཁང་ཡག་པོ་ཞིག་ཏུ་འགྲོ་ན་བཟང་ལུགས་ཇི་ལྟར་བཤད་ཀྱང་།ཁོང་གིས་མོས་མཐུན་གནང་གི་མེད།ཁོང་གིས་ང་ཚོའི་མི་དམངས་དཀྱུས་མ་རྣམས་ཀྱི་རྒྱུན་ལྡན་འཚོ་བ་ལ་རོལ་ཐབས་དང་ཁོང་ཚོ་དང་འདྲེས་ཐབས་བྱེད་དགོས་པ་མ་ཟད།ལམ་འགྲམ་གྱི་ཚོང་ཁང་ཟ་ཁང་ལ་རོགས་འདེབས་ཀྱི་ཚུལ་དུ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ཟེར།དེས་མ་ཚད།ཁོང་གིས་རྒྱུན་ལྡན་ནས་བཤད་པའི་སྐད་ཆ་ཞིག་ནི།ང་རང་མི་ཚང་དབུལ་པོ་ཞིག་ནས་སླེབས་པས།རྒྱུན་དུ་ནས་སོ་སོ་ལ་དྲན་གསོ་གཏོང་དགོས་ཀྱི་ཡོད་ཅེས་པ་དེ་རེད།དེས་ན་ང་ལའང་ཐབས་ཤེས་མེད་པས།ཁོང་དང་མཉམ།ལམ་འགྲམ་གྱི་ཟ་ཁང་ཞིག་ཏུ་སྟོབས་བདེ་ཐུག་པ་དང་།ཡང་ན་རྒྱ་གར་གྱི་ཞོག་ཁོག་བག་ལེབ་འདྲ་ཟ་གི་ཡོད།
དུས་ཚོད་ནི་འདི་ལྟར་ཆུ་བོར་རྒྱུན་བཞིན་སོང་བས།འཁྱུག་ཙམ་རིང་ལ་ལོ་ཁ་ཤས་སོང་ཟིན་འདུག།མཚམས་མཚམས་འདས་དུས་ལ་ཕྱི་དྲན་བྱེད་སྐབས།གནས་ཚུལ་འདི་དག་ཡང་ཡང་དྲན་ཡོང་གི་འདུག་ལ།དུས་སྐབས་དེ་ནི་ངའི་མི་ཚེའི་ནང་ཆེས་བརྗེད་ཐབས་དཀའ་བ་ཞིག་ཡིན་པའང་རྟོགས་ཐུབ།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།