ངས་ངོ་ཤེས་པའི་སྲིད་སྐྱོང་བློ་བཟང་སེང་གེ། (ལེའུ་གཉིས་པ)

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
ཁ་ཤས་ཀྱིས་བློ་བཟང་སེང་གེ་དཀྲོག་དཀྲོག་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད།བརྩད་གཅོད་གཏོང་སྐབས།ལ་ལས་ཁོང་གིས་གྱོན་གོས་མང་པོ་བརྗེ་པོ་བརྒྱབ་ཀྱི་ཡོད་ཚུལ་བཤད་པ་དང་།ཁ་ཤས་ཀྱིས་ཁོང་གིས་ཉི་མ་ཚ་པོའི་གནམ་གཤིས་འོག་མིག་ཤལ་ནག་པོ་བརྒྱབ་ཀྱི་ཡོད་ལུགས་བརྗོད་པ།ཡང་ཁ་ཤས་ཀྱིས་ཁོང་གི་ལག་པ་འཇམ་པོ་ཡོད་ཚུལ་སོགས་བཤད་དེ་མི་དེ་ཚོ་ལ་དམིགས་བསལ་གྱི་རྒྱུ་མཚན་ཡང་དག་གང་ཡང་བཤད་རྒྱུ་མེད།ནམ་རྒྱུན་མཛད་སྒོའི་ཐོག་དང་།རྒྱལ་ཁབ་དང་མི་རིགས་གཞན་པའི་ཆབ་སྲིད་མི་སྣ་རྣམས་ལ་ཐུག་འཕྲད་བྱེད་པ།ཡང་ན་གསར་ཁང་ཁག་གིས་གདན་ཞུས་ཐོག་གསར་འགོད་པའི་དྲི་བ་ལ་ལན་འདེབས་བྱེད་པ་སོགས་གཞུང་དོན་གྱི་བྱེད་སྒོའི་སྐབས།ཁོང་གི་གོས་ལྷམ་སྤུས་གཙང་མཆོད་ཀྱི་ཡོད་པ་བདེན་པ་རེད།ཡིན་ནའང་།ལས་མཚམས་ཆད་པ་དང་ནང་ལ་ངལ་གསོ་བརྒྱབ་པའི་སྐབས།ཁོང་གི་གྱོན་གོས་ལ་དོ་སྣང་མེད་པ།སྐབས་རེར་རལ་ཧྲུལ་ཐེབས་པ་དེ་འདྲའང་གོན་གྱི་ཡོད།ངས་ཁོང་ལ་ཁྱེད་རང་གིས་གཞུང་འབྲེལ་ལས་དོན་བསྒྲུབ་སྐབས་དང་གཞུང་དོན་མེད་པ་གཉིས་ཀྱི་གྱོན་གོས་ལ་འདི་ལྟར་ཁྱད་པ་ཆེན་པོ་ཡོད་པ་ཅི་ཡིན་ནམ་ཞེས་བཀའ་དྲིིས་ཞུས་པར།ཁོང་གིས་ཞལ་རས་ལ་འཛུམ་མདངས་ཤིག་བཞེས་ནས།སྲིད་སྐྱོང་གི་མིང་ཞིག་ཁུར་ཡོད་དུས།བོད་མི་ས་ཡ་དྲུག་གི་སྐུ་ཚབ་ལྟ་བུ་ཆགས་ཀྱི་ཡོད།ངའི་ལུས་ངག་ཡིད་གསུམ་གྱི་བྱེད་སྟངས་ཡོད་ཚད་བོད་རིགས་སྤྱིའི་མཚན་སྙན་དང་འབྲེལ་བ་ཡོད་པས།ངས་རང་ནུས་གང་ལྕོགས་ཀྱིས་མི་རིགས་དང་རྒྱལ་ཁབ་གཞན་གྱི་མདུན་གོས་ལྷམ་ཚུན་ཆད་ནས་ངོ་གནོངས་མི་དགོས་པ་ཞིག་ཡོང་པ་འབད་བརྩོན་བྱེད་ཀྱི་ཡོད།ལས་མཚམས་ཆད་ནས་ནང་ལ་བསྡད་སྐབས།ནང་མི་དང་གྲོགས་འབྲེལ་བཟང་བའི་མི་ཁ་ཤས་ལས་གཞན་སུས་ཀྱང་མཐོང་གི་མེད་དུས།གྱོན་གོས་ལ་སྣང་བ་གང་ཡང་གཏོང་དགོས་མ་རེད།ཁྱོད་རང་གིས་གྱོན་གོས་རྙིང་པ་ལ་མཐོང་ཆུང་མ་ཐོངས་མ་གཏོགས།གྱོན་གོས་འདི་དག་ག་ཚོད་རྙིང་ན་དེ་ཚོད་ཀྱིས་ལུས་ལ་འཇམ་པ་དང་བདེ་པ་དེ་འདྲ་ཡོད་པ་རེད་པ་མ་ཟད།རལ་ཧྲུལ་གྱི་གྱོན་གོས་འདི་ཚོས་ང་རང་མི་ཚང་ཉོམ་ཆུང་ཞིག་ནས་མཚར་ལོངས་བྱུང་ཡོད་པའང་དྲན་བསྐུལ་ཐེབས་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག།
བློ་བཟང་སེང་གེ་ལུས་སྦྱོང་བྱེད་རྒྱུ་དགའ་པོ་ཡོད་ནའང་།དྷ་རམས་ས་ལ་རི་སུལ་དེར་མཐུན་རྐྱེན་ཡག་པོ་མེད་པས།ཨ་རི་ལྟ་བུའི་ལུས་སྦྱོང་བྱེད་ས་དཀོན་པོ་རེད།མ་ཚད།སྐབས་དེར་སྲིད་སྐྱོང་ཞིག་གི་མཚན་གནས་བཞེས་ཡོད་པས།མི་དམངས་དཀྱུས་མ་ལྟ་བུའི་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་དེ་ཙམ་མེད་པ་རེད།རྒྱུ་མཚན་དེའི་དབང་གིས།ཁོང་གཟའ་སྤེན་པ་ཉི་མ་གང་རུང་ལ་རི་མགོ་འཆམ་འཆམ་འགྲོ་རྒྱུ་དགའ་པོ་ཡོད།ནམ་རྒྱུན་ཁོང་གིས་ང་སྐད་གཏོང་གི་ཡོད།དྲང་པོ་བཤད་ན།ང་ལྟ་བུ་ནམ་རྒྱུན་ལུས་རྩལ་དཀོན་པའི་རྒྱག་པ་ཞིག་ལ་མཚོན་ན།ཁོང་དང་མཉམ་དུ་རི་མགོར་འཆམ་འཆམ་འགྲོ་རྒྱུ་ནི་དཀའ་ལས་ཁ་བ་ཞིག་ཡིན།རྒྱུ་མཚན་ནི།ཁོང་གི་རི་མགོ་འཆམ་འཆམ་འགྲོ་པ་ནི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་དམིགས་པའི་ལུས་སྦྱོང་ཞིག་ལ་ངོས་འཛིན་བྱེད་པ་དང་།གོམ་འགྲོས་ཀྱི་མགྱོགས་ཚད་ཀྱང་ཇེ་མྱུར་དང་ཇེ་མྱུར་གཏོང་གི་ཡོད།ལམ་བར་ན།ཏོག་ཙམ་ལྷོད་ལྷོད་གནང་རོགས་ཞེས་ཞུ་སྐུལ་ཐེངས་མང་བྱེད་དགོས་ཐུབ་ཀྱི་ཡོད།ཁོང་ནི་གཟུགས་སྟོབས་ཆེ་ཞིང་གོམ་སྟོབས་མགྱོགས་པ་ཞིག་ཡིན་དུས།ངས་རྗེས་འདེད་པ་ནི་ཐང་ཆད་པའི་ལས་ཀ་ཞིག་ཡིན།ཤིང་ནགས་དང་རྩི་ཤིང་སྣ་ཚོགས་ཀྱིས་བཏུམས་པའི་དྷ་སའི་རི་སུལ་དེ་དག་ནི་ལྟ་བས་ཡིད་དབང་འཕྲོག་པ་ཞིག་ཡོད།རི་སུལ་གྱི་རྐང་ལམ་ཕྲ་མ་སྙེགས་ཏེ་དལ་གྱིས་སོང་པས་ན།བྱ་བྱིའུ་སྣ་ཚོགས་ཀྱི་གླུ་དབྱངས་གྱེར་པ་དང་།འབུ་སྲིན་སྲོག་ཆགས་ཁ་ཤས་ཀྱི་སྐད་སྒྲ་འདྲ་མིན་བསྒྲོགས་པ།ད་དུང་མཚམས་རེར་ར་དང་ལུག་སོགས་ཀྱི་འབག་སྒྲ་སྒྲོག་པ་སོགས་གང་ལྟར་རི་དྭགས་སེམས་ཅན་རྣམས་ཀྱི་གླུ་དབྱངས་ཁྲོད་ཁ་རླུང་གཙང་བའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ཐམས་ཅད་དུས་ཅིག་ལ་འཛོམ་ཡོད་པ་དང་གཉིས་སུ་མེད་པས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག།ང་ཚོས་ནམ་རྒྱུན་སྒོམ་སྒྲུབ་ལྟེ་གནས་ཀྲུག་ཤུ་ཏ(Tushita)ནས་མགོ་བརྩམ་ཏེ་གོམ་འགྲོས་བྱེད་ཀྱི་ཡོད།སྐུ་སྲུང་དབང་གྲགས་ཀྱིས་ང་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ལ་ལུས་སྦྱོང་གི་མཁར་དབྱུག་གམ་ལག་རྟེན་རེ་གྲ་སྒྲིག་བྱེད་ཀྱི་ཡོད།མཁར་དབྱུག་དེ་ནི་དམིགས་བསལ་རི་འཛེགས་ཡོ་བྱེད་ཞིག་ཡིན་པས།རི་སུལ་དུ་གོམ་འགྲོས་བྱེད་པ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད།ཡང་ཞིང་འཁྱེར་བདེ་བ་ཞིག་ཀྱང་ཡོད།མཚམས་རེར་དབང་གྲགས་ཀྱིས་ངེད་གཉིས་ལ་པར་བརྒྱབ་སྐབས།བློ་བཟང་སེང་གེས་མཁར་དབྱུག་དེ་ལུས་རྒྱབ་ལ་སྦེད་ཀྱི་ཡོད།ངས་ཁོང་ལ་མཁར་དབྱུག་རྒྱབ་ལ་སྐུང་དགོས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་སྐབས།ཁོང་གིས་དེ་སྔ་བོད་ནས་ཕེབས་པའི་མི་ཞིག་དང་ཐུག་པ།ཁོང་གིས་ཁྱེད་རང་ཚོ་སྐུ་གཟུགས་ལ་འཕྲོད་བསྟེན་བདག་སྐྱོང་གནང་རོགས།ནམ་རྒྱུན་ང་ཚོ་འགོ་ཁྲིད་ཁ་ཤས་ཀྱིས་མཁར་དབྱུག་བཟུང་ནས་གོམ་སྟོབས་འཁྱར་འཁྱོར་ངང་ཕེབས་པ་མཐོང་དུས།སེམས་ནང་བཟོད་དུ་མེད་པའི་སེམས་འཁྲེལ་ཡོང་གི་འདུག་ཅེས་གསུང་གི་འདུག།བོད་མི་མང་པོས་ང་ཚོས་མཁར་དབྱུག་འཁྱེར་པ་མཐོང་ན།སེམས་འཁྲེལ་ཆེན་པོ་བཟོ་གི་ཡོད་ས་རེད་གསུངས།དེ་ནི་དབུ་ཁྲིད་ཞིག་གིས་སོ་སོའི་མི་དམངས་ཀྱི་སེམས་ཁམས་ལ་ཐུགས་སྣང་གནང་སྟངས་ཤིག་ཡིན་པས་ངས་ཀྱང་ཡི་རངས་ཀྱི་ཚུལ་དུ་འཛོམ་མདངས་ཤིག་སྟོན་ནས་ཅི་ཡང་མ་སྨྲ།དོན་དངོས་ཐོག།ཁོང་གི་བཀའ་མོལ་དེ་ཐོས་པ་དང་ངའི་སེམས་ནང་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང་།
གོམ་འགྲོས་ཀྱི་རྒྱུད་རིམ་ནང་ཁོང་གིས་སྐད་ཆ་མང་པོ་བཤད་ཀྱི་མ་རེད།ཁོང་གིས་ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད་པའི་རྣམ་ཚུལ་གྱིས་ཀྱག་ཀྱོག་གི་རྐང་ལམ་བསྙེགས་ནས་མདུན་ཕྱོགས་སུ་གོམ་ཁ་བསྒྱུར་གྱི་ཡོད།ང་དང་སྐུ་སྲུང་དབང་གྲགས་ངེད་གཉིས་ཀུ་རེ་རྩེད་མོ་རྩེད་ཞོར་ཁོང་གི་རྗེས་ལ་འདེད་ནས་འགྲོས་ཀྱི་ཡོད།དུས་མཚམས་ཤིག་ལ་ཁོང་གློ་བུར་ཏུ་འགྲོ་མཚམས་བཞག་ནས་ལག་ཐོག་ཁ་པར་ཐོག་ཡི་གེ་བྲིས་པ་དང་།ཡང་ན་སྒེར་དྲུང་བསོད་ནམས་བཀྲ་ཤིས་དང་འབྲེལ་ཡོད་ལས་བྱེད་ཁ་ཤས་ལ་བཀའ་མོལ་གནང་གི་ཡོད།བཀའ་མོལ་དེ་དག་ཡོད་ཚད་གཞུང་དོན་ཡིན་པ་ལས།དོན་མེད་ཀྱི་གླེང་མོ་དེ་འདྲ་བྱེད་སྲོལ་མེད་པ་རེད།ཁོང་གི་ཁ་པར་བརྒྱབ་དང་གློ་འཕྲིན་བྲིས་པ་སོགས་ལས་ཀ་ཚར་རྗེས།ངས་ཁོང་ལ་གཟའ་མཇུག་ལ་ལས་བྱེད་ཚོས་ལས་ཀ་བྱེད་ཀྱི་ཡོད་རེད་དམ་ཞེས་བཀའ་འདྲི་ཞུས་སྐབས།ཁོང་གིས་དབུགས་རིང་ཞིག་གཏོང་ནས།རེད།ལས་བྱེད་དེ་ཚོ་ཡག་པོ་ཡོད་རེད།ཁོང་ཚོ་ང་ལ་རྒྱུས་ལོན་ཟིན་པ་རེད།ངས་ད་གའི་ལས་གཞི་ཞིག་གི་རོགས་དངུལ་ཐད་འབྲེལ་བ་བྱེད་སའི་ཐབས་ལམ་གསར་པ་ཞིག་བསམ་བློ་འཁོར་སོང་།དྲན་པ་ཡོད་སྐབས།འབྲེལ་ཡོད་ལས་བྱེད་དེ་ཚོ་ལ་བསྐུལ་མངགས་བྱེད་ན་མ་གཏོགས།རྗེས་ལ་བརྗེད་སྲིད་པ་རེད་ལ།དུས་ཚོད་ཀྱང་འཕྲོ་བརླག་འགྲོ་སྲིད་པ་རེད་ཟེར་གྱི་འདུག།དེ་ནས་ཁོང་གིས་མུ་མཐུད།རང་བྱུང་གི་ཁོར་ཡུག་ལ་ལོངས་སྤྱོད་བྱེད་ཞོར་གནས་དོན་འདྲ་མིན་ཐད་བསམ་བློ་མང་ཙམ་གཏོང་ན།བློ་རིག་ཀྱང་བསིལ་པོ་ཡོང་གི་རེད།ངས་རྒྱུན་དུ་འགྲོ་ཞོར་འདུག་ཞོར་ལ་བསམ་བློ་འདྲ་མིན་གཏོང་གི་ཡོད།མཚམས་མཚམས་ཐབས་ཤས་དང་ལས་འཆར་ཡོག་པོ་དེ་འདྲ་བསམ་བློ་འཁོར་ཡོང་གི་རེད་ཅེས་ལམ་སྟོན་གནང་བྱུང་།
དྷ་སར་གནས་བཞུག་བོད་མི་རྣམས་ཀྱིས་མཁྱེན་གསལ་རེད།བོད་ཁྱིམ་རྒྱབ་རི་ན་ཤིང་ནགས་ཀྱི་རྐང་ལམ་བསྙེགས་ནས་སོང་ན།སྤྲའུ་ཐང་ཞེས་པ་ཞིག་ཐུག་གི་ཡོད།དེ་ནི་བོད་མི་མང་པོས་ཐུགས་སྤྲོ་གཏོང་སའི་ས་ཆ་ཡག་ཤོས་ཤིག་ལ་རྩིས་ཀྱི་ཡོད།དེ་ནས་ཐག་མི་རིང་བར།བྱ་བྲལ་བ་མང་པོ་བཞུགས་སའི་ཚང་ཁང་མང་པོ་ཡོད་པ་རེད།དེ་ནས་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོར་གོམ་ཀྱིས་བརྫིས་ནས་སོང་པ་ན།བྲག་རྡོ་ཆེན་པོ་ཡོད་པའི་རི་རྩེ་ཞིག་ཏུ་འབྱོར།རི་རྩེ་དེར་ལངས་ནས་རྒྱངས་ལྟ་བྱེད་ན།དྷ་རམ་ས་ལའི་གྲོང་ཁྱེར་དེ་ནི་རྐང་འོག་ལ་ཡོད་པ་ལྟ་བུ་སྣང་།བློ་བཟང་སེང་གེས་ས་མཐོན་པོ་ནས་རྒྱངས་ལྟ་བྱེད་རྒྱུ་དགའ་པོ་ཡོད།ཁོང་གིས་ང་ཚོས་གནས་ཚུལ་ག་རེའི་ཐད་ལ་བསམ་བློ་གཏོང་པ་ཡིན་ནའང་།རི་མགོ་ནས་རི་འདབ་ལ་བལྟས་པ་ལྟར་ཚང་མ་མཐོང་ཐུབ་པ་བྱེད་དགོས་ཟེར།དེ་ནས་ཁོང་གིས་མིག་འདབ་ཏུ་ཡོད་པའི་ས་ཆ་ཁ་ཤས་ལ་འཛུམ་མོ་བཙུགས་ནས་མ་འོངས་པར་འགྱུར་བ་ཇི་ལྟར་འགྲོ་སྲིད་རྒྱུ་ཡིན་སྐོར་བཤད་ཀྱི་རེད།ངེད་གཉིས་རི་རྩེ་དེར་ངལ་གསོ་ཅུང་ཙམ་བརྒྱབ་ཀྱི་ཡོད།ཁོང་གིས་རྒྱུན་དུ་ཤིང་ཏོག་འདྲ་མིན་ལས་བཟོས་པའི་ཁུར་བ་ཤལ་དམ་གང་འཁྱེར་ཡོང་གི་ཡོད།ངས་ནི་ཆུ་རྐྱང་འགྱིག་དམ་གང་འཁྱེར་གྱི་ཡོད།དེ་ནི་ངེད་གཉིས་ངལ་གསོ་བྱེད་རིང་ལོངས་སུ་སྤྱོད་པའི་དངོས་རྫས་ཁོ་ན་དེ་ཡིན།
བོད་ཁྱིམ་སློབ་གྲྭའི་རྒྱབ་རི་དེར་གཡས་སྐོར་བརྒྱབ་པ་ཡིན་ན།རྐང་ལམ་ཇེ་ཕྲ་ལ་འགྲོ་པ་དང་རྐང་ལམ་སྟེང་རྡོ་ཧྲུལ་མང་པོ་ཡོད་པས་འགྲོ་བསྐྱོད་དཀའ་བ་ཞིག་ཡིན་ནའང་།མིག་ལམ་དུ་འཆར་བའི་ཁོར་ཡུག་ནི་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་པ་ཞིག་ཡོད།རྐང་ལམ་དེ་ནི་དྷོ་ལ་དྷ་རི་བོའི་ཕྱོགས་སུ་བསྐྱོད་པའི་མགྱོགས་ལམ་ཞིག་ཡིན་ལ།གྲོང་མི་ཚོས་འབོར་ཤིང་སྒྲུབ་པའི་རི་ལམ་ཞིག་ཀྱང་ཡིན།ཆར་དུས་སྐབས་རྐང་ལམ་དེ་ན་འདམ་རྫབ་དེ་ཙམ་མེད་ནའང་།འཁེབ་ངོགས་འཇམ་པའི་རྡོ་ཧྲུལ་ཐོག་ཏུ་འདྲེད་བརྡར་ཤོར་པ་ཉིན་ཁ་ཧ་ཅང་ཆེ།དགུན་དུས་རྐང་ལམ་དེ་ཉིད་ཁ་བས་བཏུམས་ནས་འགྲོ་ལམ་ཡོངས་སུ་འགག་འགྲོ་གི་རེད།གང་ལྟར་རི་འགྲོས་ཀྱི་རྐང་ལམ་ཕྲ་མོ་དེ་ནི་རང་བྱུང་གི་མཛེས་སྡུག་མྱོང་བའི་རྐང་ལམ་ཞིག་ཡིན་པས།གཟའ་འཇུག་ལ་མི་མང་པོས་རྐང་ལམ་དེ་འདེད་ནས་རི་མགོ་ལ་འཆམ་འཆམ་འགྲོ་རྒྱུ་ཧ་ཅང་དགའ།དྷ་ལ་དྷའི་རི་དཀྱིལ་ལ་རྒྱ་གར་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཡོད།གྲོང་གསེབ་དེའི་ཡུལ་མི་རྣམས་ཀྱིས་མགྲོན་ཁང་ཆུང་ཆུང་རེ་གཉེར་ནས་ཡུལ་སྐོར་བ་མ་པོ་འཁོར་གྱི་ཡོད།གྲོང་གསེབ་ཆུང་ཆུང་དེའི་ཁ་གཏད་ལ་རི་བོ་ཞིག་ཡོད་པ་དེའི་སྒང་བོད་མི་ཚོས་བསང་གཏོང་ས་ཞིག་ཡོད།ཚེས་བཟང་དུས་བཟང་ལ་བོད་མི་མང་པོ་རི་མགོ་དེར་བསང་གཏོང་པ་དང་རླུང་རྟ་བཏགས་ཀྱི་ཡོད་པ་རེད།མ་ཚད།རི་བོ་དེའི་སྒང་རྒོད་ཚང་མགྲོན་ཁང་(HotelEaglesNest)ཞེས་པའི་རྒྱ་གར་མགྲོན་ཁང་ཞིག་ཡོད།བཤད་སྲོལ་ལ་དེ་སྔོན་རི་མགོ་དེར་བྱ་རྒོད་མང་པོ་འབབ་ཀྱི་ཡོད་པས།ཕྱིས་སུ་མགྲོན་ཁང་དེར་རྒོད་ཚང་མགྲོན་ཁང་ཞེས་མིང་བཏགས་པ་རེད་ཟེར།མགྲོན་ཁང་དེ་ནི་ཕྱི་གླིང་བ་ཞིག་གིས་གཉེར་གྱི་ཡོད་པ་དང་།སྙན་གྲགས་ཀྱང་ཆེན་པོ་རེད།མགྲོན་ཁང་དེར་འགྲོ་པར་མོ་ཊྲའི་ལམ་ག་མེད་པས་མགྲོན་པ་ཚོ་རྐང་ཐང་ལ་ཕེབས་དགོས་ཀྱི་ཡོད་པ་དང་གོང་ཚད་ཀྱང་ཧ་ཅང་མཐོན་པོ་ཡིན་ནའང་།ཁུར་སིམ་དང་མཛེས་ལྗོངས་ལ་དགའ་བའི་ཕྱུག་བདག་མང་པོ་མགྲོན་ཁང་དེར་སྡོད་རྒྱུ་ཧ་ཅང་དགའ་པོ་ཡོད་རེད་ཟེར།༢༠༢༠ལོའི་ཟླ་༩པའི་ནང་མགྲོན་ཁང་དེར་རྒྱ་བསྐྱེད་དང་བཟོ་བཅོས་བརྒྱབ་དང་རྒྱག་མུས་རེད།གཟའ་མཇུག་ལ་སྲིད་སྐྱོང་བློ་བཟང་སེང་གེ་དང་ངེད་གཉིས་བོད་ཁྱིམ་རྒྱབ་རིའི་རྐང་ལམ་བསྙེགས་དྷོ་ལ་དྷའི་རི་དཀྱིལ་དབར་ཏུ་འགྲོ་གི་ཡོད།དེ་ནས་རྒོད་ཚང་མགྲོན་ཁང་ལ་འགྲོ་གི་ཡོད།མགྲོན་ཁང་དེའི་རྭ་བའི་ནང་རྡོ་ལེབ་ལས་བཟོས་པའི་རྐུབ་ཀྱག་ཡག་པ་ཞིག་ཡོད།དེ་ནས་རྒྱངས་ཀྱི་བལྟས་ན།དྷ་རམ་ས་ལ་མཛོས་ལྗོངས་ཡོད་ཚད་མིག་འོག་ལ་ལྷུངས་པ་ལྟར་སྣང་།
ནམ་རྒྱུན་ང་ཚོ་མགྲོན་ཁང་དེར་སླེབས་པ་དང་།རྒྱ་གར་ལས་མི་རྣམས་ཀྱི་ཕྲུ་གུ་མང་པོས་ང་ཚོ་ལ་སྒུག་ནས་བསྡད་ཡོད།རྒྱུ་མཚན་ནི་སྲིད་སྐྱོང་བློ་བཟང་སེང་གེས་རྒྱུན་དུ་ཁོང་ཚོ་ལ་མཉེས་པ་དེ་འདྲ་འཁྱེར་གྱི་ཡོད་པ་དང་།ཁོང་ཚོ་དང་གླེང་མོལ་བྱེད་ཀྱི་རེད།དེས་མ་ཚད་ཁོང་གིས་ཕྲུ་གུ་དེ་ཚོ་ལ་ཧིན་སྒོར་སྤྲོད་ཀྱི་ཡོད།ངས་ཀྱང་ཕྲུ་གུ་དེ་ཚོ་ལ་ཧིན་སྒོར་མི་ཉུང་བ་སྤྲོད་མྱོང་ཡོད།ཕྲུ་གུ་དེ་ཚོ་ནི་མགྲོན་ཁང་བཟོ་བསྐྲུན་བྱེད་མཁན་གྱི་ལས་མི་དེ་ཚོའི་ཕྲུ་གུ་ཡིན་པ་དང་།ལས་མི་དེ་དག་ནི་ཐག་རིང་གི་མངའ་སྡེ་ནས་ཡོང་པ་འབའ་ཞིག་ཡིན།ཁོང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁ་བརྡ་མང་པོ་བྱེད་ཀྱི་རེད།སྐབས་དེར་ལས་དཔོན་དེ་ཚོས་ཀྱང་ཁོང་ཚོ་ལ་བར་གསེང་ལྟ་བུ་སྤྲོད་ནས་ཅི་ཡང་ལབ་ཀྱི་མ་རེད།ཁོང་ཚོ་དང་གླེང་མོལ་བྱེད་ཚར་དུས།ངེད་གཉིས་སྒོ་རྭ་དེའི་ནང་གི་རྡོ་ཀྱག་སྒང་བསྡད་ནས།བརྗོད་གཞི་འདྲ་མིན་ཐོག་གླེང་མོལ་བྱེད་ཀྱི་ཡོད།ངས་ཁོང་ལ་ཁྱེད་རང་གི་མི་སྐྱོ་པོ་རྣམས་ལ་ཡག་པོ་བྱེད་ཀྱི་ཡོད་པར་དོ་སྣང་བྱུང་།དེའི་རྒྱུ་མཚན་གང་ཡིན་ནམ་ཞེས་སྐད་ཆ་དྲིས་པར།ཁོང་གིས་དེ་ནི་ཁོང་ཉིད་ཆུང་དུས་ནས་ཨ་ཞང་སྟག་ཤམ་རིན་པོ་ཆེས་འཇོག་པའི་བག་ཆགས་དབང་གི་རེད་ཟེར།རྒྱུ་མཚན་ནི་རིན་པོ་ཆེས་རྒྱུན་དུ་མི་དབུལ་ཕོངས་སྐྱོ་པ་རྣམས་ལ་རོགས་པོ་བྱེད་དགོས་པ་ལས།ཕྱུག་པོ་དེ་དག་ལ་དཀའ་ངལ་མེད་པས་ཁྱེད་རང་གིས་རོགས་པོ་བྱེད་དགོས་ཀྱི་ཡོད་མ་རེད་ལ།བྱེད་ནའང་ཁོང་ཚོས་ཕན་ཐོགས་བྱུང་སོང་བསམ་པའི་ཚོར་བ་ཡོང་གི་མ་རེད་གསུང་གི་ཡོད།ཁོང་གི་བཀའ་སློབ་དེས་ངའི་སེམས་ནང་བག་ཆགས་ཆེན་པོ་བཞག་ཡོད་པ་འདྲ།ང་རང་གིས་སྐྱོ་པོ་རྣམས་ལ་གང་ཐུབ་ཀྱི་རོགས་པ་བྱེད་ཀྱི་ཡོད་ཟེར།དེ་ནས་ང་དང་སྐུ་སྲུང་དབང་གྲགས་ངེད་གཉིས་པར་འདྲ་བརྒྱབ་ནས་བསྡད་པ་དང་།སྲིད་སྐྱོང་བློ་བཟང་སེང་གེ་རྐུབ་ཀྱག་དེའི་སྒང་བསྡད་ནས།མིག་འོག་གི་དྷ་རམས་ས་ལའི་གྲོང་རྡལ་ལ་བལྟས་ནས།ཁུར་སིམ་མེར་བསམ་བློ་གཏོང་ནས་བསྡད་ཀྱི་ཡོད།
ཉིན་གུང་ཞལ་ལག་གི་དུས་མཚམས་སུ་ངེད་གཉིས་རི་མགོ་ནས་མར་དལ་གྱི་བསྐྱོད་པ་དང་།མེ་ལོ་སྒང་ཇི་ལ་སླེབས་རྗེས་ཕལ་ཆེར་ཀུན་དགའ་ཟ་ཁང་དུ་ཉིན་གུང་ཁ་ལག་ཟ་རུ་འགྲོ་གི་ཡོད། ཟ་ཁང་བདག་པོ་ནི་བློ་བཟང་སེང་གེའི་མ་ཕྱོགས་ཀྱི་སྤུན་མཆེད་ཡིན་པ་རེད། ཁོང་ཚོས་ཞལ་ལག་ཟབ་རྒྱས་གྲ་སྒྲིག་བྱས་ནས་སྒུག་ནས་བཞུགས་ཀྱི་ཡོད།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།