རྒྱ་ནག་གི་ཆུ་མཛོད་དང་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཇེ་ཆུང་ལ་འགྲོ་རྒྱུ།

-ཨ་རྫ་ཚང་བློ་བཟང་གྲགས་པ་ནས།
ལོ་ཤས་རིང་རྒྱ་ནག་གིས་བོད་ཀྱི་མངའ་རིས་ཁུལ་དུ་ཆུ་མཛོད་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་།ལས་འཆར་གནས་ཚུལ་དེའི་སྐོར་འཛམ་གླིང་ནང་གླེང་གཞི་མང་པོ་བྱུང་པ་རེད།ལྷག་པར་རྒྱ་གར་དང་བྷང་ལ་དྷེ་ཤུ་གཉིས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་རྒྱ་ནག་གི་ལས་འཆར་དེ་འགོག་ཐབས་ལ་འབད་བརྩོན་རབ་དང་རིམ་པ་བྱས་ཡོད་པ་རེད་མོད།དོན་ཕན་གང་ཡང་བྱུང་མེད་པ་རེད།རྒྱ་ནག་གཞུང་གིས་ལས་འཆར་དེ་ནི་རྒྱལ་ཁབ་ཀྱི་ལྗང་མདོག་ཐོན་ཁུངས་འབྱུང་གནས་ཁ་བསྒྱུར་དང་རྡོ་སོལ་བྲལ་བའི་ཐབས་ཇུས་སྲིད་བྱུས་ཀྱི་ལས་གཞིའི་མ་ལག་ཅིག་ཡིན་སྐོར་གསལ་བསྒྲགས་བྱས་ཡོད།དེ་དང་དུས་མཚུངས་སུ།བོད་ཀྱི་མངའ་རིས་ས་ཁུལ་ཁག་ལ་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཐབས་ལམ་དང་མི་དམངས་ཕྱུག་སྒྱུར་བྱེད་པའི་ཆེད་དུ་ཡིན་སྐོར་ཀྱང་བརྗོད་ཡོད།ཡིན་ནའང་།ལས་གཞི་ཆེན་པོ་འདི་ནི་གཙོ་བོར་ཆུ་གློག་ཐོན་སྐྱེད་གོང་འཕེལ་གཏོང་བའི་ཆེད་དུ་ཡིན་པས།འདི་ནི་མ་འོངས་པར་རྒྱ་ནག་གི་ནུས་ཁུངས་ཐོན་སྐྱེད་ཀྱི་གཏེར་མཛོད་ལ་སྒྱུར་བའི་མཚོན་རྟགས་ཀྱང་ཡིན།རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་“ཤར་གློ་ནུབ་འགྲེམས”ཞེས་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བྱེད་ཀྱང་ཡིན་པ་རེད།
ཆུ་མཛོད་འདིའི་མིང་ལ་མེ་ཏོག་ཆུ་མཛོད་བཏགས་པ་དང་།དེ་ཡང་མེ་ཏོག་རྫོང་ཁུལ་གྱི་ཡར་ཀློང་གཙང་པོའི་ཐོག་འཛུགས་བསྐྲུན་བྱེད་རྒྱུ་རེད།གཙང་པོ་འདི་ནི་བོད་ཀྱི་ས་ཁུལ་ནས་རྒྱ་གར་དང་།དེ་ནས་རིམ་བཞིན་བྷང་ལེ་དྷེ་ཤུ་ལ་རྒྱུག་གི་ཡོད།ཆུ་མཛོད་འཛུགས་བསྐྲུན་བྱེད་ས་མེ་ཏོག་རྫོང་ནི་རྒྱ་གར་ཨ་རི་ན་ཅལ་མངའ་སྡེའི་ཁྱིམ་མཚེས་ཡིན་པ་རེད།ས་ཁུལ་འདི་ནི་ཁུག་ཅོག་དང་ཀྱག་ཀྱོག།གཡས་གཡོན་ཚང་མ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བསྐོར་ཡོད་པའི་ས་ཁུལ་བཙན་པོ་ཞིག་རེད།རྒྱུ་མཚན་དེའི་དབང་གིས་གཙང་པོ་རྒྱུག་པའི་ཤོངས་ཚད་ཆུང་ཞིང་མཐོ་ས་ནས་དམའ་ས་བབས་པ་ཡིན་དུས།ཆུ་ཤུགས་ཆེ་ཞིང་ཆུ་མཛོད་ཀྱི་ཆགས་བབས་ནས་གློག་ཤུགས་ཀྱི་ཐོན་ཁུངས་ཀྱང་ཆེས་བཟང་བ་ཞིག་ཡིན་པ་རེད།འདི་ནི་གློག་མཛོད་ཀྱི་ཐོན་ཁུངས་བཟང་བའི་ས་ཁུལ་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་ཆོག་པ་རེད།
ཆུ་མཛོད་འདིའི་ཤོངས་ཚད་ནི་ཇི་ཝ་༦༠་(GW)ལས་མཐོ་བ་ཡིན་པ་དང་།དེ་ནི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ཀྱི་ཤོངས་ཚད་ཇི་ཝ་༢༢་༥ལས་ཀྱང་ལྡབ་གསུམ་གྱིས་ཆེ་བ་ཡོད་པ་རེད།དེ་ནི་འཛམ་གླིང་གི་ཟིན་ཐོ་གསར་པ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད།ས་གཞི་འདི་ནི་འགྲོ་སོང་ཧ་ཅང་ཆེ་བ་ཞིག་ཡིན་པ་དང་།རོབ་ཚོད་ལ་ཨ་སྒོར་ཐེ་འབུམ་ཆིག་ཁྲི་བདུན་སྟོང་ཙམ་རེད།འདི་ནི་འཛམ་གླིང་ཐོག་ཆུ་མཛོད་བཟོ་སྐྲུན་གྱི་ལས་གཞི་རིན་གོང་ཆེ་ཤོས་དང་འགྲོ་སོང་མང་ཤོས་ནང་གི་གཅིག་ཆགས་རྒྱུ་རེད།ལས་གཞི་འདིས་རྒྱལ་ཁབ་ལ་གློག་གི་ཐོན་ཁུངས་བསྐྲུན་ཞིང་ཕུགས་རྒྱངས་ལ་ཕན་པའི་རྒྱལ་ཁབ་རིམ་པའི་ལས་གཞི་ཞིག་ཏུ་འགྱུར་གྱི་ཡོད།
མེ་ཏོག་ཆུ་མཛོད་ཀྱི་འཛུགས་བསྐྲུན་ནི་ཕྱི་ལོ་༢༠༢༤ནས་༢༠༣༣བར་གྱི་ལས་གཞི་ཞིག་ཡིན་པ་དང་།ལས་གཞི་འཛུགས་བསྐྲུན་གྱི་བརྒྱུད་རིམ་ཁྲོད།རྒྱ་ནག་གིས་ལག་རྩལ་བཟང་ཤོས་དང་འཛུགས་བསྐྲུན་གྱི་ལས་མི་དང་རུ་ཁག་བཅས་ཀྱང་ནུས་པ་ཆེ་ཞིང་སྤུས་ཀ་ལེགས་གྲས་འབའ་ཞིག་གཏོང་གི་ཡོད།བརྒྱུད་རིམ་ཁྲོད་བརྟན་ལྷིང་ཡོང་ཆེད།རྒྱ་ནག་གིས་རྒྱལ་ནང་གི་འཛུགས་བསྐྲུན་ལ་ཆ་རྒྱུས་ཆེ་ཞིང་ཐོན་རྩལ་བཟང་བ་འབའ་ཞིག་གཏོང་པ་མ་ཟད།དེང་རབ་ཀྱི་ཐོན་སྐྱེད་ལག་རྩལ་དང་ཡོ་བྱེད་སྣ་ཚོགས་བེད་སྤྱོད་གཏོང་གི་ཡོད་པ་རེད།རྒྱ་ནག་གཞུང་གིས་ཆུ་མཛོད་དེ་ནི་གཙང་སྦྲའི་ནུས་ཁུངས་དང་ཐོན་ཁུངས་སྐྲུན་པ་དང་།ཆུ་ལོག་འགོག་སྲུང་དང་ས་ཞིང་ཆུ་འགྲེམས་སོགས་ལ་དགེ་མཚན་ཆེ་བའི་ལས་གཞི་ཞིག་ཡིན་སྐོར་དྲིལ་བསྒྲགས་བྱས་དང་བྱེད་མུས་རེད།
ཡིན་ནའང་།ལས་གཞི་ཆེན་པོ་འདིས་རྒྱལ་ཁབ་མང་པོའི་སྲིད་དོན་པ་རྣམས་ལ་སེམས་འཁྲལ་བཟོས་བཞིན་ཡོད་པ་རེད།ལྷག་པར་ཏུ་གཙང་པོ་འདི་ལ་བརྟེན་ཤུགས་ཆེ་བའི་རྒྱལ་ཁབ་དེ་དག་གིས་དེ་བས་སེམས་འཁྲལ་བྱེད་ཀྱི་ཡོད་པ་རེད།དཔེ་ན་རྒྱ་གར་དང་བྷང་ལ་དྷེ་ཤུ་ལྟ་བུ།ཡར་ཀློང་གཙང་པོ་ནི་ས་ཁུལ་མང་པོ་དང་མི་འབོར་ས་ཡ་མང་པོའི་འཚོ་བ་ལ་ཤུགས་རྐྱེན་ཐེབས་པའི་གཙང་པོ་ཞིག་ཡིན་པ་དང་།རྒྱ་གར་གཞུང་གིས་མངོན་གསལ་དོད་པོས་རྒྱ་ནག་གི་ལས་གཞི་འདིའི་མཇུག་འབྲས་ལ་སེམས་འཁྲལ་ཡོད་སྐོར་གསལ་ཁ་བཟོས་ཟིན་པ་རེད།འདིས་རྒྱ་གར་གྱི་ཤར་བྱང་ས་ཁུལ་ཁག་གི་ཆུའི་ཐོན་ཁུངས་དང་ཞིང་ལས་ས་གཞིའི་ནུས་བཅུད་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།དེས་མ་ཚད།ཆུ་མཛོད་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་གནས་ཞིང་དེའི་མ་འོངས་ཆབ་སྲིད་ཀྱི་གནས་དོན་ཐེབས་ཚོར་བ་སྐྱེན་པའི་གནས་དོན་ཞིག་ཏུ་འགྱུར་གྱི་ཡོད་པ་རེད།
ལས་འཆར་འདི་ལ་འགོག་རྐྱེན་མང་པོ་བཟོས་ནའང་།མཐར་ཟླ་འདིའི་ཚེས་༡༩་ཉིན་ལས་འཆར་དེ་དངོས་སུ་འགོ་བརྩམས་ནས་ལས་གཞི་ཆེན་པོ་ཞིག་ཏུ་བསྒྱུར་པ་མ་ཟད།ལས་གཞི་འགོ་འཛུགས་ཀྱི་མཛད་སྒོའི་ཐོག།རྒྱ་ནག་གི་སྲིད་བློན་ལིས་ཆང་ས་གནས་སུ་སོང་ནས།ལས་གཞི་འགོ་འཛུགས་ཀྱི་གསལ་བསྒྲགས་བྱས་པ་རེད།གནས་དོན་དེ་འཛམ་གླིང་ནང་གི་གསར་གྱུར་ཆེ་ཤོས་ཤིག་ཏུ་གྱུར་པ་མ་ཟད།གསར་ཁང་དང་ཚགས་པར་གྲགས་ཅན་ཚང་མས་བཀོད་ཡོད་པ་དང་།ཆུ་མཛོད་དེས་ཤུགས་རྐྱེན་ཐེབས་སྲིད་པའི་རྒྱལ་ཁབ་དེ་དག་ཀྱང་འདུག་བཟོད་མེད་པ་གྱུར་པ་རེད།གཙོ་བོར་རྒྱ་གར་དང་བྷང་ལ་དྷེ་ཤུ་གཉིས་རེད།བྷང་ལ་དྷེ་ཤུ་ལ་མཚོན་ན།ད་བར་རྒྱ་ནག་དང་ལོ་རྒྱུས་རང་བཞིན་ལྡན་པའི་འཁོན་འབྲེལ་དམིགས་བསལ་མེད་པ་དང་།བྷང་ལ་དྷེ་ཤུ་ཡིས་ནམ་ཀུན་རྒྱ་ནག་དང་བསྟུན་མཁས་བྱས་དང་བྱེད་མུས་ཡིན་པས།དེ་ཙམ་གྱིས་ཤུགས་རྐྱེན་ཡོང་མདོག་ཁ་བོ་མ་རེད།ཡིན་ནའང་རྒྱ་གར་ལ་མཚོན་ན།ཕྱི་ལོ་༡༩༦༢ནས་ད་བར་ས་མཚམས་དང་བོད་ཀྱི་གནས་དོན་བཅས་འདྲ་མིན་དབང་གིས།རྒྱ་ནག་དང་བཟང་ཕྱོགས་ཀྱི་འབྲེལ་བ་དེ་ཙམ་མེད་པ་རེད།ཨེ་ཤི་ཡ་ཡི་རྒྱལ་ཁབ་ཆེ་ཤོས་འདི་གཉིས་ཀྱིས་ད་བར་ཁྱོད་དང་ང་ཞེས་གཅིག་གི་གཅིག་ལ་མགོ་མི་སྒུར་ནས་“ཕྱི་འཇམ་ནང་རྩུབ་”ཀྱི་ཆབ་སྲིད་ལམ་ཕྱོགས་ཤིག་ཏུ་སོང་དང་འགྲོ་མུས་རེད།
དེ་སྔར་རྒྱ་དཀར་ནག་གཉིས་ཀའི་གནས་སྟངས་འདྲ་པོ་ཡིན་པ་དང་།རྒྱ་གར་ལ་བོད་དོན་ལག་ཆ་རུ་འཁྱེར་རྒྱུ་ཡོད་པས།རྒྱ་ནག་གིས་རྒྱ་གར་ལ་མ་བསྟུན་རང་བསྟུན་ལྟ་བུའི་གནས་སུ་ལྷུང་ཡོད།ཡིན་ནའང་།དུས་ཚོད་ལ་གྱུར་བ་སོང་པ་དང་།རྒྱུ་རྐྱེན་མང་པོའི་དབང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དཔལ་འབྱོར་དང་དམག་དོན།ཕྱི་འབྲེལ་བཅས་ཐོག་རྒྱ་ནག་དང་རྒྱ་གར་དབར་ཧེ་བག་ཆེན་པོ་བྱུང་པ་མ་ཟད།ད་ཆར་རྒྱ་ནག་གིས་རྒྱ་གར་ལ་རྩ་བ་ནས་བསྟུན་མི་དགོས་པའི་གནས་སུ་གྱུར་པ་མ་ཟད།རྒྱ་གར་གྱི་མངའ་ཐང་བདག་དབང་ལའང་ཉེན་ཁ་སླེབས་ཀྱི་ཡོད་པ་རེད།རྒྱ་གར་གྱི་ལག་ཏུ་ཡོད་པའི་བོད་དོན་དེའང་ནུས་ཆུང་དུ་ཕྱིན་ནས་ད་ཆར་བེད་སྤྱོད་གཏོང་རེན་དེ་ཙམ་མེད་པ་གྱུར་ཡོད་པས།རྒྱ་གར་གྱི་ཆབ་སྲིད་པ་དང་མཁས་དབང་མང་པོས་ཀྱང་།རྒྱ་གར་གྱིས་བོད་དོན་བློས་གཏོང་དང་རྒྱ་ནག་ལ་བསྟུན་མཁས་བྱེད་ན་རྒྱ་གར་ལ་ཕན་ཐོགས་ཆེ་བ་ཡོད་སྐོར་མངོན་གསལ་དོད་པོ་བཤད་མཁན་ཇེ་མང་རེད།
ལྷག་པར་ད་ཆར་རྒྱ་ནག་གི་ཆུ་མཛོད་ཀྱི་ལས་འཆར་དེས་རྒྱ་གར་ལ་ཉེན་ཁ་ཆེན་པོ་བཟོ་ཐུབ་ཀྱི་ཡོད་པ་རེད།ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁར་འགྲོ་ཡིས་ཆུ་མཛོད་དེས་མ་འོངས་པར་མངའ་སྡེ་མི་དམངས་དང་དཔལ་འབྱོར་ཐོན་ཁུངས་བཅས་ལ་ཉེན་ཁ་ཆེན་པོ་ཡོང་པ་མ་ཟད།རྒྱ་ནག་གིས་ཆུ་མཛོད་ལག་ཆ་ལ་བེད་སྤྱོད་གཏོང་ནས་མི་དམངས་ས་ཡ་མང་པོའི་ཚེ་སྲོག་དང་འཚོ་སྡོད་ལ་ཉེན་ཁ་བཟོ་ཐུབ་ཀྱི་ཡོད་རེད་བཅས་བློ་འཚབ་ཀྱི་སྐད་ཆ་བཤད་དགོས་བྱུང་པ་རེད།གང་ལྟར་མ་འོངས་པར།རྒྱ་གར་མི་དམངས་ས་ཡ་མང་པོའི་འཚོ་སྡོད་དང་རྒྱ་གར་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཐོན་བསྐྱེད་མང་པོ་རྒྱ་ནག་གི་ལག་ཏུ་ཡོད་པ་དང་།རྒྱ་ནག་གི་རྣམ་གྱུར་ལ་མ་ལྟ་རང་ལྟ་ཆགས་ཀྱི་ཡོད་པས།དེ་དང་དུས་མཉམ་དུ་རྒྱ་གར་གྱིས་བོད་དོན་ལའང་རྒྱབ་སྐྱོར་ཇེ་ཆུང་མ་གཏོང་རང་གཏོང་ཆགས་ཀྱི་ཡོད་པ་ཐེ་ཚོམ་མེད་པ་རེད།
མཆན། རྩོམ་ཡིག་གི་ནང་དོན་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཡིན་པ་ལས། ང་ཚོའི་ཚོགས་པའི་བསམ་ཚུལ་མིན་པ་རེད།