༢༠༢༦ཟླ་༣ཚེས་༡༡ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ནཱ་ནི་ཏཱ་Kumaun གཙུག་ལག་མཐོ་སློབ་གཉིས་མཉམ་འབྲེལ་གྱིས་དྲྭ་ཐོག་ཁོར་ཁུར་སྐོར་བགྲོ་གླེང་ལས་རིམ་ཞིག་ཚོགས་ཡོད་པ་རེད། བགྲོ་གླེང་དེའི་བརྗོད་གཞི་གཙོ་བོ་ནི་འཛམ་གླིང་ཁོར་ཡུག་གི་གནས་སྟངས་དང་། ལྷག་པར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་རྐྱེན་པས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གི་འགྱུར་འགྲོས་སྐོར་ཡིན། ལས་རིམ་དེའི་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཛང་ལྷ་་བསྟན་པ་རྒྱལ་མཚན་ལགས་ཆེད་དུ་ཆ་ཤས་བླངས་ཡོད་པ་རེད།
འཛང་ལྷ་བསྟན་པ་རྒྱལ་མཚན་གྱིས་གསུང་དོན། བོད་ནི་འཛམ་གླིང་གི་མཐོ་གྲོང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེའང་མི་དམངས་ས་ཡང་མང་པོའི་མཐུང་ཆུའི་འབྱུང་ཁུངས་དང་། ཨེ་ཤེ་ཡའི་ཁོར་ཡུག་དང་རང་བྱུང་གི་རྒྱུགས་ཆུ་མང་པོའི་འབྱུང་ཁུངས་གཙོ་བོ་ཡིན་སྐོར་འགྲེལ་བརྗོད་གནང་། དེ་ནས་ཁོང་གིས་མུ་མཐུད། འདི་ལྟ་བུའི་གལ་འགངས་ཆེ་བའི་ཁོར་ཡུག་དེ་ཉིད། ད་ཆ་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་དབང་གིས་གཏོར་སྐྱོན་ཚད་མེད་བཏང་དང་གཏོང་མུས་ཡིན་ལུགས་དང་། གནས་སྟངས་དེའི་རྐྱེན་པས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བྱེད་པ་དེས་བོད་ཙམ་དུ་མ་ཟད། རྒྱ་གར་གཅོས་པའི་ཨ་ཤེ་ཡའི་རྒྱལ་ཁབ་མང་པོ་ལ་དོ་ཕོག་འགྲོ་གི་ཡོད་པ་དང་། ལྷག་པར་ཁོང་ཚོའི་སོ་ནམས་ཞིང་ལས་དང་མཐུང་ཆུ་ལ་བློ་ཡུལ་དུ་མི་ཤོངས་བའི་དཀའ་ངལ་འཕྲད་སྲིད་པ་ཡིན་སྐོར་འགྲེལ་བརྗོད་གནང་།
ཁོང་གིས་ད་དུང་གསུང་དོན་ལ། རྒྱ་ནག་གི་བོད་ཀྱི་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་བཏང་བའི་རྐྱེན་གྱིས། ད་ཆ་གནམ་གཤིས་འགྱུར་ལྡོག་སོང་པ་དང་། དེས་བོད་གངས་རི་རྣམས་བཞུ་བཞིན་ཡོད་པ་དང་། རྒྱུ་རྐྱེན་དེའི་རྐྱེན་གྱིས་ས་བབས་དམའ་ས་རྣམས་ལ་ཆུ་ལོག་གི་དཀའ་ངལ་ཡོང་གི་ཡོད་པ་དང་། དེང་སང་རྒྱ་ནག་གཞུང་གིས་མེ་ཏོག་ཆུ་མཛོད་ཆེན་པོ་ཞིག་རྒྱག་རྩིས་ཡོད་པ་དང་། ལས་འཆར་དེའི་ཐད་ཨ་སྒོར་ཐེ་འབུམ་མང་པོ་གཏོང་གི་ཡོད། ཆུ་མཛོད་དེ་བོད་ཀྱི་མེ་ཏོག་རྫོང་གི་ནང་དུ་རྒྱག་གི་ཡོད་པ་དང་། ཆུ་མཛོད་དེ་ནི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་མ་ཟད། ཆུ་མཛོད་དེ་ཉིད་མ་འོངས་པར་རྒྱ་གར་གཙོས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་ཆེན་པོ་བཟོ་ཐུབ་པའི་ཆུ་མཛོད་ཅིག་ཏུ་གྱུར་གྱི་ཡོད་པས། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་དེའི་ཐད་དོ་སྣང་ཆེན་པོ་བྱེད་དགོས་སྐོར་མནན་བརྗོད་གནང་སོང་།
དེ་ནས་ཁོང་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ནས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་རྫས་ལ་གཅེས་སྐྱོང་གནང་ཕྱོགས་ཀྱི་བཀའ་སློབ་ལམ་སྟོན་མང་པོ་གནང་ཡོད་སྐོར་འགྲེལ་བརྗོད་བྱེད་ཞོར་ཚོགས་བཅར་བ་རྣམས་ཀྱིས་ཅིས་ཀྱང་དེ་དག་ལ་དོ་སྣང་བྱེད་ནས། རང་ཉིད་གནས་སྡོད་བྱེད་སའི་ས་ཆ་ཡི་ཁོར་ཡུག་ལ་གཅེས་སྐྱོང་དང་། རང་ཉིད་དང་འབྲེལ་བ་ཆེ་བའི་གཞན་རྒྱལ་ཁབ་དང་ས་གནས་ཁག་གི་ཁོར་ཡུག་ལའང་དོ་སྣང་ཆེན་པོ་གནང་དགོས་སྐོར་མནན་བརྗོད་གནང་སོང་།
ད་ཐེངས་ཀྱི་བགྲོ་གླེང་ལེགས་འགྲུབ་བྱུང་པ་དང་། ཆོགས་བཅར་བ་རྣམས་ཀྱིས་ཀྱང་དོ་སྣང་ཆེན་པོ་གནང་ཡོད།
