༢༠༢༦ཟླ་༢ཚེས་༡༡ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་མཱེ་སོར་གྲོང་ཁྱེར་St. Philomena’s མཐོ་སློབ་གཉིས་མཉམ་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ཁོང་གི་ཡང་སྲིད་སྐོར་བགྲོ་གླེང་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་པ་རེད། ལས་རིམ་དེའི་ཆེད་དམིགས་བསལ་སྐུ་མགྲོན་གཙོ་བོར་མཁས་དབང་དགེ་བཤེས་ལྷ་རྡོ་ལགས་ཆེད་དུ་དྷ་རམས་ས་ནས་གདན་ཞུས་བྱས་པ་རེད།
ཐོག་མར་དགེ་བཤེས་ལགས་ཀྱི་བོད་ཀྱི་གནའ་རབ་ལོ་རྒྱུས་དང་། ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་རྣམས་སྤྱི་བཤད་ཅིག་གནང་པ་དང་། དེ་ནས་ཁོང་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་དང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཅི་ཞུས་སྐོར་འགྲེལ་བརྗོད་གནང་། མ་ཟད། ཁོང་གིས་མུ་མཐུད། འཛམ་གླིང་ཡོངས་ལ་ཞི་བདེ་དང་ལྷིངས་འཇགས་ཡོང་ཆེད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་སྒང་ནུས་པ་བཏོན་པ་མ་ཟད། གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་པ་ཡིན་སྐོར་འགྲེལ་བརྗོད་གནང་།
དགེ་བཤེས་ལགས་ཀྱི་དེང་སང་གི་སྤྱི་ཚོགས་ནང་། མ་མདང་པ་ནི། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཡིན་པ་དང་། གལ་སྲིད་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཡོད་གྱུར་ན། འཛམ་གླིང་ནང་དམག་འཁྲུག་དང་འཐབ་རྒོལ་མེད་པ་མ་ཟད། འགྲོ་བ་མིའི་རིགས་ཚང་མ་དགའ་དགའ་སྤྲོ་སྤྲོ་དང་ཞི་མཐུན་ལྷིངས་འཇགས་ངང་འཚོ་བ་བསྐྱེལ་རྒྱུ་ཡོང་རྒྱུ་ཡིན་སྒོར་གསུངས། དགེ་བཤེས་ལགས་ཀྱིས་མུ་མཐུད། འཛམ་གླིང་ནང་དམག་འཁྲུག་དང་འཐབ་རྒོལ་ཡོང་བསྡད་པ་ནི། རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ལ་སྙིང་རྗེའི་སེམས་ཀྱི་མ་མདང་པ་དང་། ཁོང་ཚོས་རང་ཉིད་ཀྱི་ཁེ་ཕན་མ་གཏོགས་རང་གཞན་གཉིས་ཕན་དང་། བདག་གཞན་མཉམ་བརྗེ་བྱེད་པའི་བསམ་བློ་མེད་པའི་དབང་གི་རེད་གསུངས། དེས་ན། འཛམ་གླིང་ལ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕྱུག་པའི་འགོ་ཁྲིད་གང་མང་བསྐྱེད་སྐྱོང་བྱེད་དགོས་གལ་སྐོར་མནན་བརྗོད་གནང་ཡོད།
དགེ་བཤེས་ལགས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བར་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། ཕྱིའི་འཛུགས་བསྐྲུན་དང་མཐུན་རྐྱེན་དག་གིས་གནས་སྐབས་ཀྱི་འདོད་མོས་སྐོངས་ཐུབ་པ་ལས། མཐར་ཐུག་གི་བདེ་བ་བསྐྲུན་མི་ཐུབ་པ་དང་། གལ་སྲིད་མཐར་ཐུག་གི་བདེ་བ་འཐོབ་འདོད་ན། དེ་ནི་ནང་བསམ་པ་དང་སེམས་པའི་དཔལ་ཡོན་ལ་འཕེལ་རྒྱས་འགྲོ་དགོས་སྐོར་གསུངས་སོང་། དེ་ནས་ཁོང་གིས་མུ་མཐུད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་པའི་འོག སེམས་ཁམས་སློབ་གསོའི་སློབ་ཚན་ཞིག་ཡོད་པ་དང་དེ་ཉིད་ཀྱང་འཛམ་གླིང་གི་སློབ་གྲྭ་ཆེ་ཕྲ་ཆུང་གསུམ་མང་པོའི་ནང་བསླབ་ཀྱི་ཡོད་པས། རྒྱ་གར་གཞུང་གིས་ཀྱང་དེའི་ཐད་དོ་སྣང་གནང་དགོས་གལ་གྱི་འབོད་བསྐུལ་གནང་།
བོད་ཀྱི་ཆབ་སྲིད་ཐད། དགེ་བཤེས་ལགས་ཀྱི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ནི་སྔ་ནས་ད་ལྟའི་དབར་དབུ་མའི་ལམ་གྱི་ཐབས་ལམ་དང་སྲིད་ཇུས་འོག།བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་པ་ལས། རང་བཙན་དགོས་པ་སོགས་ཀྱི་དགོས་འདོད་བཏོན་མེད་པ་ཡིན་སྐོར་དང་། དེའང་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་བཟང་ཤོས་ཤིག་ཡིན་པས་རྒྱ་ནག་གཞུང་གིས་ཐུགས་བསམ་ཡག་པོ་བཞེས་དགོས་རྒྱུ་ཡིན་སྐོར་གསུངས། མ་ཚད། དགེ་བཤེས་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ནི་གནའ་རབ་ཀྱི་སྣིང་བཅུད་དང་ལྡན་པ་ཞིག་ཡིན་པ་དང་། དེའི་མིའི་རིགས་ཀྱི་དཔལ་ཡོན་དར་སྤེལ་ལ་ཕན་ཐོགས་དང་ཞབས་འདེགས་ཆེན་པོ་ཞུ་ཐུབ་ཀྱི་ཡོད་པས། འཛམ་གླིང་སྐྱེ་བོ་ཕོ་མོ་ཀུན་གྱིས་གང་ཐུབ་རྒྱབ་སྐྱོར་གནང་གལ་ཡིན་སྐོར་འབོད་སྐུལ་གནང་སོང་།
དེ་ནས་ཁོང་གིས། དེང་སང་རྒྱ་ནག་གཞུང་གི་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་ལ་ཇུས་ངན་དཔྱངས་ཀྱི་ཡོད་ནའང་། ༧གོང་ས་མཆོག་གི་ཡང་སྲིད་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འདུན་ལྟར་དགའ་ལྡན་ཕོ་བྲང་ལ་འགན་དབང་ཡོད་པ་ལས། གཞན་སུ་ལའང་ཇུས་གཏོགས་མེད་པ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༢༠༢༥ལོའི་ཟླ་༧པ་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཟིན་པས། རྒྱ་ནག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཇུས་གཏོགས་མེད་པ་རེད་ཅེས་གསུངས།
མཐར་དགེ་བཤེས་ལགས་ཀྱིས་དགེ་ལས་རྣམས་ཀྱི་དྲི་བ་ལ་ལན་འདེབས་ཞུས་་པ་དང་། མཐོ་སློབ་ལས་སྣེ་རྣམས་ཀྱིས་ཁོང་ལ་ཐུགས་རྗེ་ལེགས་འབུལ་ཚུལ་དུ་ལག་རྟགས་ཀྱང་གནང་།
