ཕྱི་ལོ་༢༠༢༦ཟླ་༢ཚེས་༥ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་བརྟན་གཞི་བྱེད་པའི་མཐོ་སློབ་Christ University ཆབ་སྲིད་དང་ལོ་རྒྱུས་ཚན་པ་གཉིས་མཉམ་འབྲེལ་གྱིས་༧ཏཱ་ལའི་བླ་མའི་ཡང་སྲིད་དང་། ས་ཁམས་དང་བསམ་བློའི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་པའི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད། ལས་རིམ་དེའི་ཆེད་བོད་ཀྱི་མཁས་པ་དགེ་བཤེས་ལྷ་རྡོ་ལགས་ཇི་ལྟར་གདན་ཞུས་གནང་པ་བཞིན་སྐུ་མགྲོན་གཙོ་བོའི་ཐོག་ཆེད་ཕེབས་གནང་ཡོད་པ་རེད།

དགེ་བཤེས་ལགས་ཀྱིས་དེང་སང་འཛམ་གླིང་གི་གནས་བབས་དང་། མི་རྣམས་ཀྱི་སེམས་ཁམས་གནས་སྟངས། བསམ་བློ་འཁྱེར་སོ་སོགས་ཀྱི་ཐད་འགྲེལ་བརྗོད་གནང་པ་མ་ཟད། དཀའ་ངལ་སྣ་ཚོགས་ཀྱིས་འཁོར་བའི་འཛམ་གླིང་ནང་། ཆེས་དགོས་མཁོ་ཆེ་ཤོས་ནི་སེམས་ཁམས་ཀྱི་སློབ་གསོ་ཡིན་པ་དང་། སློབ་གསོ་དེའི་ཐད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སྐུ་ལས་ཚད་མེད་བསྐྱོན་ནས། འཛམ་གླིང་ས་ཕྱོགས་གང་སར་སེམས་ཁམས་ཀྱི་གནས་བབས་གོང་མཐོ་དང་འཛམ་གླིང་ཀུན་ཁྱབ་ཀྱི་བྱམས་པ་དང་བསམ་བློ་སྐྲུན་སྐོར་རྒྱས་བཤད་གནང་ཡོད་པ་རེད།
དེ་ནས་དགེ་བཤེས་ལགས་ཀྱིས། དེང་སང་ཆབ་སྲིད་ཀྱི་དབང་གིས། འཛམ་གླིང་ནང་གི་རྒྱལ་ཁབ་མང་པོས་༧ཏཱ་ལའི་བླ་མའི་ཡང་སྲིད་ཐད་དོ་སྣང་ཆེན་པོ་གནང་གི་ཡོད་པ་དང་། ལྷག་པར་ཏུ་རྒྱ་ནག་གིས་ད་ལྟ་ནས་༧ཏཱ་ལའི་བླ་མའི་ཡང་སྲིད་ཐད་ཇུས་གཏོགས་བྱེད་པའི་གྲ་སྒྲིག་སྔ་ས་ནས་བྱས་ཟིན་ཡོད་སྐོར་དང་། ཕྱི་ལོ་༢༠༢༥ཟླ་༦པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མ་འོངས་པར་ཁོང་གི་ཡང་སྲིད་ཐད་རྒྱ་ནག་ལ་ཇུས་གཏོགས་མེད་སྐོར་དང་། ཁོང་གི་ཡང་སྲིད་ནི་དམངས་གཙོ་མེད་པའི་རྒྱལ་ཁབ་ཅིག་ཏུ་འཁྲུངས་རྒྱུ་མིན་པ་མ་ཟད། ཡང་སྲིད་ཀྱི་གནས་དོན་ཐད་དགའ་ལྡན་ཕོ་བྲང་ལས་གཞན་སུ་ལའང་ཐད་ཇུས་མེད་སྐོར་གསུངས་ཟིན་སྐོར་ཡང་རྒྱས་བཤད་གནང་ཡོད།

དགེ་བཤེས་ལགས་ཀྱིས་མུ་མཐུད། རྒྱལ་བ་སྐུ་ཕྲེང་དྲུག་པ་རྟ་དབང་དུ་འཁྲུངས་ཡོད་པ་དང་། ཕྱིས་སུ་བོད་ནང་སྙན་གྲགས་ཆེན་པོ་བྱུང་ཡོད་སྐོར་དང་། ཁོང་གིས་རྒྱ་གར་གཞུང་གིས་མ་འོངས་པར་དགའ་ལྡན་ཕོ་བྲང་གིས་ཐུགས་ཐག་འཁེལ་པའི་ཡང་སྲིད་ལ་རྒྱབ་སྐྱོར་གནང་དགོས་གལ་དང་། དེ་ནི་༧ཏཱ་ལའི་བླ་མ་མཆོག་གི་དགོངས་པ་ཡིན་པ་མ་ཟད། རྒྱ་གར་གཞུང་ལའང་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ཡིན་སྐོར་ཡང་གསུངས།
དེ་ནས་ཁོང་གིས་མུ་མཐུད། རྒྱ་ནག་གིས་༧ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པར་གསེར་འབུམ་སྒྲིལ་པའི་སྲོལ་ལུགས་ངེས་པར་ཏུ་དགོས་སྐོར་བཤད་པ་ནི་རྒྱུ་མཚན་ཡང་དག་མེད་ལུགས་དང་། དེ་ནི་རྒྱ་ནག་གཞུང་གི་བཙན་བཀར་གྱི་སྲིད་ཇུས་ཤིག་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་ནང་གསལ་བའི་ངེས་པར་ཏུ་ལག་བསྟར་བྱེད་དགོས་པའི་ལམ་ལུགས་ཤིག་རྩ་བ་ནས་མིན་སྐོར་གསུངས། ཁོང་གིས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད། གཞན་གྱི་ཆོས་དང་རིག་གཞུང་ཡོངས་སུ་རྡོག་རུས་གཏོང་པ་དང་། བོད་མི་རིགས་འདི་ཉི་སའི་གོ་ལ་འདིའི་སྒང་རྩ་མེད་དུ་གཏོང་པར་འབད་བརྩོན་བྱས་དང་བྱེད་མུས་ཡིན་སྐོར་དང་། རྒྱ་ནག་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བྱིས་པའི་སྐབས་ནས་བཙོན་ཁང་ནང་བཅུག་པ་དང་།བོད་དང་བོད་མིའི་སེམས་ཁམས་ལ་གསོ་ཐབས་མེད་པའི་རྨ་ཁ་བཟོས་ཡོད་ལུགས་གསུངས།

