སྙིང་རྗེ་ལྡན་པའི་འགོ་ཁྲིད་གསོ་སྐྱོང་བྱེད་དགོས་པ་འབུལ་བསྐུལ་གནང་།

༢༠༢༥ ལོའི་ཟླ་༨ ཚེས་༡༨ ཉིན། ༡༠༨་ཞི་བདེ་ལྟེ་གནས་དང་ (108 Peace Institute)དང་ཀྲི་སི་ཊུ་ཇེ་ཡན་ཊི་མཐོ་སློབ་ཀྱི་འཛམ་གླིང་མཐུན་སྦྱོར་དང་མཉམ་ལས་ལྟེ་གནས་ (Center for Global Networking and Collaborations)གཉིས་མཉམ་འབྲེལ་གྱིས།རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་བྷེང་ལོར་དུ་«སྙིང་རྗེ་ལྡན་པའི་འགོ་འཛིན་གསོ་སྐྱོང་།»ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད།

དགེ་ཤེས་བློ་གྲོས་བཟང་པོ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་རྗེས།ཁོང་གིས་དཔལ་འབྱོར་དང་ཕྱིའི་དངོས་པོ་གཙོ་འཛིན་བྱེད་པའི་དེང་རབས་ཀྱི་འཛམ་གླིང་འདིའི་ནང་ཆེས་དཀོན་པོ་གྱུར་པ་ནི་སྙིང་རྗེ་དང་བྱམས་སེམས་ལྡན་པའི་འགོ་ཁྲིད་ཡིན་པ་དང་།རྒྱུ་མཚན་དེའི་དབང་གིས་འཛམ་གླིང་ལ་དམག་འཁྲུག་མཚམས་མ་ཆད་པ་བྱུང་དང་འབྱུང་གི་ཡོད་པ་མ་ཟད།མི་སེར་དཀྱུས་མ་མང་པོ་ཞིག་ལ་འཚོ་སྡོད་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད།༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་རྣམས་འགྲེལ་བརྗོད་གནང་ཞོར་སློབ་གྲྭ་དང་མཐོ་སློབ་ཁག་ནས་མ་འོངས་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ཡོང་ཆེད།ད་ལྟ་ནས་སློབ་མ་རྣམས་སྙིང་རྗེ་དང་བྱམས་སེམས་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་གལ་སྐོར་གནན་བརྗོད་གནང་ཡོད།

དགེ་བཤེས་ལགས་ཀྱིས་«གཞན་དག་དགའ་པོ་ཡོང་བར་འདོད་ན།སྙིང་རྗེ་སྒོམ།རང་ཉིད་དགའ་པོ་ཡོང་བར་འདོད་ན།སྙིང་རྗེ་སྒོམ།»ཞེས་གསུངས་སྟེ་ཚོགས་བཅར་བ་རྣམས་ལ་སྙིང་རྗེའི་ཕན་ཡོན་སྐོར་འགྲེལ་བརྗོད་ཟབ་མོ་གནང་པ་མ་ཚད།ཁོང་གིས་སྙིང་རྗེ་ནི་འཛམ་གླིང་ཀུན་ལ་འདྲ་ཉམས་ཀྱི་རིན་ཐང་བསྐྲུན་བྱེད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ལ་བདེ་སྐྱིད་དང་ཞི་བདེ་ཡོང་གི་ཡོད་སྐོར་གསུངས་སོང་།

གསུང་བཤད་ཀྱི་མཇུག་གཏམ་དུ་དགེ་ཤེས་ལགས་ཀྱིས་སྙིང་ནས་འབོད་སྐུལ་ཞིག་གནང་བ་ནི།བཟོ་ལས་གསར་བརྗེས་ང་ཚོའི་དངོས་བཟོའི་འཛམ་གླིང་བསྒྱུར་བ་ཡིན།མི་བཟོས་རིག་པའི་གསར་བརྗེས་ང་ཚོའི་བསམ་བློ་དང་ལས་ཀ་བྱེད་སྟངས་བསྒྱུར་གྱི་ཡོད།འོན་ཀྱང་།སྙིང་རྗེ་མེད་ན།གཉིས་ཀ་ཞི་བདེ་ངོ་མ་བསྐྱེད་མི་ཐུབ།མི་རིགས་ཀྱི་མ་འོངས་པའི་ཆེད་དུ།ང་ཚོས་སྙིང་རྗེའི་གསར་བརྗེཞིག་སྐྱེལ་དགོས།དེ་ནི་སེམས་ཀྱི་བསྒྱུར་བ་ཞིག་ཡིན་ཞེས་གསུངས།

ཚོགས་བཅར་བ་རྣམས་ཀྱི་དྲི་བ་དག་ལ་ལན་འདེབས་བྱེད་རྗེས་མཐོ་སློབ་ཀྱིས་འབྲེལ་ཡོད་ལས་སྣེ་ཚོས་དགེ་བཤེས་ལགས་དང་༡༠༨ཞི་བདེ་ལྟེ་གནས་ལ་ཐུགས་རྗེ་ཆེ་ཞུས་པ་དང་།ད་ཐེངས་ཀྱི་ལས་རིམ་འདིའི་ཐོག་ཁོང་ཚོ་ལ་བློ་བསྐྱེད་ཆེན་པོ་བྱུང་ཡོད་སྐོར་མང་པོ་གསུངས་པ་མ་ཟད།མ་འོངས་པར་ལས་རིམ་འདི་ལྟ་བུ་གང་མང་གོ་སྒྲིག་ཞུ་ཐུབ་ན་ལེགས་ཚུལ་བཅས་གསུངས།

འཛམ་གླིང་མཐུན་སྦྱོར་དང་མཉམ་ལས་ལྟེ་གནས་ཀྱི་ལས་འཛིན་འགོ་འཛིན་གཞོན་པ་ཌོག་ཊར་ལིའོ་ལ་ཐོ་མས་(LyolaThomas)དང་དབྱིན་ཇིའི་སྐད་ཡིག་ཚན་པའི་འགོ་འཛིན་ ཌོག་ཊར་ ཤི་དེ་བི་ སན་ཏོཤ་ (Sheedevi Santosh) དེ་བཞིན་བོད་སློབ་མའི་ཚབ་མཚོན་པ་བདེ་ཆེན་ཆོས་འཛོམས་ (DechenChonzom)བཅས་དགེ་ལས་སློབ་མ་བཅས་མང་པོ་མཉམ་བཞུགས་གནང་ཡོད།