༢༠༢༥ཟླ་༨ཚེས་༩ཉིན།༡༠༨ཞི་བདེ་ལྟེ་གནས་དང་བངྒ་ལ་དེ་ཤི་གི་ཨ་ཏི་ཤ་དི་པཾ་ཀ་ར་ཞི་བདེ་དགེ་ཚོགས་ཐུན་མོང་གིས།“དུས་རབས་༢༡པའི་ནང་འཛམ་གླིང་ཞི་བདེའི་ཆེད་སྙིང་རྗེའི་འགོ་ཁྲིད”ཞེས་པའི་བརྗོད་གཞི་ཐོག་དྲྭ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད།བགྲོ་གླེང་དེའི་ཐོག་གཙོ་བོར་དེང་རབ་༢༡ནང་བྱམས་དང་སྙིང་རྗེ་ལྡན་པའི་འགོ་ཁྲིད་སྐྱེད་སྐྱོང་ཇི་ལྟར་གནང་དགོས་མིན་དང་།དེའི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་གླེང་སློང་དང་གྲོས་བསྡུར་བྱས་ཡོད་པ་རེད།
དྲྭ་ཐོག་བགྲོ་གླེང་དེའི་ཐོག་ཆེད་དུ་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཕེབས་པའི་དགེ་བཤེས་བློ་གྲོས་བཟང་པོ་ལགས་དང་སེར་བྱས་མཁས་སྙན་གྲྭ་ཚང་ནས་ཕེབས་པའི་དགེ་བཤེས་ཐབས་མཁས་ལགས་གཉིས་གསུང་བཤད་ཀྱི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་རེད།
བགྲོ་གླེང་དབུ་འཛུགས་མ་ཞུས་གོང་།དགེ་བཤེས་ལགས་རྣམ་པ་གཉིས་ནས་ཚོགས་བཅར་མཉམ་བཞུགས་གནང་མཁན་གྱི་ཤེས་ལྡན་མི་སྣ་༥༠ཙམ་ལ་སྐར་མ་ལྔའི་རིང་སྒོམ་སྒྲུབ་དང་སེམས་སྦྱོང་ཇི་ལྟར་བྱེད་དགོས་མིན་ཐེབས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
དེའི་རྗེས་དགེ་བཤེས་ལགས་རྣམ་པ་གཉིས་ནས་དེང་སང་འཛམ་གླིང་ནང་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་དང་།ཛ་དྲགས་ཀྱི་དུས་སྐབས་འདི་ལྟ་བུའི་ནང་བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་འགོ་ཁྲིད་གང་མང་ཕེབས་དགོས་གལ་ཆེ་བ་མ་ཟད།འགྲོ་བ་མིའི་རིགས་ཀྱི་ཀུན་ཁྱབ་བདེ་སྐྱིད་དང་རང་དབང་ལ་ཆེ་མཐོང་དང་ལོངས་སྤྱོད་ཐུབ་པའི་མཐུན་སྦྱོར་གནང་ཐུབ་མཁན་གྱི་དབུ་ཁྲིད་གང་མང་དགོས་ཀྱི་ཡོད་སྐོར་གསུངས།
དེ་ནས་དགེ་བཤེས་ལགས་རྣམ་པ་གཉིས་ཀྱིས་༧སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་འཛམ་གླིང་ཀུན་ཁྱབ་ཀྱི་བདེ་དོན་ཆེད་དགོས་མཁོ་ཆེ་བའི་བཀའ་སློབ་དང་ལམ་སྟོན་ཇི་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་བས།ཚོགས་བཅའ་བ་རྣམ་པས་ཧ་ཅང་དགའ་མོས་གནང་ཡོད།