
སྤྱི་ལོ་2025 ཟླ་7 ཚེས་8། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན།༡༠༨ ཞི་བདེ་ལྟེ་གནས་དང་ཝ་ཌོ་ད་རའི་སྡེ་ཚན་Forum on Contemporary Theory གཉིས་ཀྱིས་མཉམ་འབྲེལ་གྱིས། «བོད་ཀྱི་མ་འོངས་པ། སྲིད་ཆོས་དང་ཆོས་ལུགས་ཀྱི་ལྟ་ཚུལ» ཞེས་པའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད།
གསུང་བཤད་འདིར་ བ་རོ་ད་མ་ཧཱ་རཱ་ཇ་ས་ཡ་ཇི་རའོ་མཐོ་སློབ་(MSU Baroda)ཀྱི་སྲིད་དོན་ཚན་ཁག་གི་དགེ་རྒན་ཆེན་མོ་ལ་ཇི་ཝན་ཏི་ཆ་ཏ་ནི་དཀའ་སློབ་མཆོག དང་ ༡༠༨ཞི་བདེ་ལྟེ་གནས་ཀྱི་ཉམས་ཞིབ་པ་ཡེ་ཤེས་ཟླ་བ་ལགས གཉིས་ཀྱིས་གསུང་བཤད་གནང་ཡོད།
གསུང་བཤད་འགོ་བཙུགས་སྐབས། དེང་སང་འཛམ་གླིང་ནང་བོད་ཀྱི་གནས་བབ་གལ་ཆེན་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་དབང་ལས་འགུལ་ནང་འཛིན་པའི་འགན་འཁུར་ཆེན་པོ་འོག བོད་མི་ཚང་མ་སེམས་ཤུགས་ཇེ་ཆེར་སྐྱེད་ནས་མདུན་བསྐྱོད་བྱེད་དགོས་པའི་སྐུལ་མ་གནང་།
ཡེ་ཤེས་ཟླ་བ་ལགས་ཀྱིས། སྐུ་བླ་མ་ཆེན་པོ་མཆོག་གི་བོད་མིའི་ ཆོས་ཀྱི་འགོ་འཛིན་པ་དང་ སྲིད་དོན་གྱི་འགོ་འཛིན་པ གཉིས་ཀྱི་འགན་འཁུར་གཉིས་ལྡན་གསལ་བཤད་བྱས་པ་དང་། དེང་སང་བྱུང་བའི་ཉེན་ཁ་ཆེ་བའི་གནས་ཚུལ་སྐོར་ལ་དོ་སྣང་བསྐྱེད། དེའི་ནང་དུ།
ཡེ་ཤེས་ཟླ་བ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་བཞེས་ནས་རླབས་ཆེན་གྱི་ཞལ་རྗེས་འཇོག་ཡོད་པ་དང་།ཁོང་གི་བཀའ་དྲིན་ཉི་འོག་འོག་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་བསྐྲུན་ཡོད་སྐོར་དང་།དེང་སང་རྒྱ་ནག་གཞུང་གིས་སྲིད་ཇུས་འོག་བོད་ཀྱི་མིང་ལ་འགྱུར་བ་གཏོང་པ་དང་།“ཞི་ཙང་ (Xizang)” ཞེས་མིང་བསྒྱུར་བ་དང་། བོད་པའི་སློབ་མ་རྣམས་བཙན་བཀག་གིས་སློབ་གྲྭའི་ནང་བཅའ་སྡོད་བྱེད་དུ་འཇུག་ཏེ་བོད་ཀྱི་སྐད་དང་ཡི་གེ་ལ་སོགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་ཀྱང་བརྗོད་ཡོད།
ཁོང་གིས་མུ་མཐུད།རྒྱ་ནག་གིས་ “Tibet” ཞེས་པའི་མིང་འདོར་ཏེ་ “Xizang” ཞེས་མིང་བརྗེ་བའི་རྒྱུ་མཚན་ནི།རྒྱ་ནག་གཞུང་གི་བོད་དེ་འཛམ་གླིང་ནང་ནག་གསུབ་གཏོང་རྒྱུ་དང་།བོད་ཀྱི་ཆོས་དང་རིག་གཞུང་།ཡུལ་སྲོལ་གོམས་གཤིས་སོགས་མིང་མེད་དུ་བཟོ་བའི་ཇུས་ངན་ཞིག་ཡིན་སྐོར་གསུངས་པ་མ་ཟད།བོད་ལ་Tibetཞེས་འབོད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་མ་བཙུགས་སྔོན་ནས་ཡོད་པ་ཞིག་ཡིན་པ་དང་།མིང་དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ལོ་རྒྱུས་ལས་ཀྱང་རིང་བ་ཡོད་པ་ཞིག་ཡིན་སྐོར་དང་།༡༩༣༤ལོར་འཛམ་གླིང་ National Geographic ནང་བོད་ཀྱི་རྒྱལ་དར་སྟོན་ཡོད་པའི་ནང་ལའང་Tibetཞེས་གསལ་ཡོད་སྐོར་གསུངས་སོང་།《ཏིན་ཏིན་བོད་དུ》 ཞེས་པའི་རི་མོའི་སྒྲུང་དཔེ་ལ་ཁོང་གིས་དཔེ་མཚོན་བྱས། ༡༩༧༠ ལོ་ནས་བཟུང་། Tibetཞེས་པའི་མིང་འདི་ནི་འཛམ་གླིང་ཁྱོན་ཡོངས་ལ་དར་ཁྱབ་ཆེན་པོ་སོང་ཡོད་པ་ཡིན་སྐོར་དང་།བོད་ཀྱི་བྱིས་པ་རྣམས་རྒྱ་ནག་གཞུང་གིས་བཙན་བཀག་འོག་སློབ་གྲྭ་ཁག་ཏུ་བཅའ་སྡོད་བྱེད་དུ་འཇུག་ཏེ་བོད་ཀྱི་མི་རིགས་འདི་ཉིད་རྒྱ་རིགས་སུ་བསྒྱུར་འགོ་བརྩམས་པའི་སྲིད་ཇུས་འདི་ནི་མི་སྤྱོད་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པས།རྒྱ་གར་མི་དམངས་གཙོས་འཛམ་གླིང་མི་དམངས་རྣམས་ཀྱིས་ངེས་པར་ཏུ་ཐུགས་སྣང་གནང་དགོས་པ་དང་།བོད་མི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་འགྱུར་ཡོད་སྐོར་གསུངས་ཡོད།
ཐེངས་འདིའི་ལས་རིམ་ཁྲོད།མཐོ་སློབ་དགེ་རྒན་དང་ཞིབ་འཇུག་པ་བཅས་མི་གྲངས་༢༥ལྷག་གི་ཆ་ཤས་ལེན་ཡོད་པ་དང་།༡༠༨ཞི་བདེ་ལྟེ་གནས་ནས་དྲན་རྟེན་ཚུལ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་འགྲན་ཚབ་ཅེས་པ་ཕུལ་ཡོད།