ང་ཚོའི་སྐོར།
༡༠༨ཞི་བདེ་ལྟེ་གནས་འདི་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ པར་གསར་འཛུགས་གནང་ཞིང་། ཨ་རིའི་མངའ་སྡེ་མཱ་ས་ཆོས་ཚི་ནང་དུ་ཁྲིམས་དོན་ 501(c)(3) འོག་དེབ་སྐྱེལ་བྱས་པའི་ཁེ་མེད་ཀྱི་ཚོགས་པ་ཞིག་ཡིན། ལྟེ་གནས་འདིའི་དམིགས་ཡུལ་ནི། མི་སྒེར་དང་སྤྱི་ཚོགས་ཀྱི་རང་དབང་། དེ་བཞིན་འཛམ་གླིང་གི་བརྟན་ལྷིང་བཅས་ལ་ཉེན་ཁ་བཟོ་བྱེད་ཀྱི་གོ་ལ་རང་བཞིན་གྱི་ཛ་དྲག་གི་གནད་དོན་ཁག་ལ་གདོང་ལེན་བྱ་བྱེད་ཀྱི་ཞི་བའི་ཐབས་ལམ་གོང་སྤེལ་གཏོང་རྒྱུ་དེ་ཡིན་ལ། ལྟེ་གནས་འདི་ནི། མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་དང་དེ་བཞིན་ཞི་བདེ་དང་སྤྱི་སྙོམ་གྱི་རྩ་དོན་མཚོན་ཞིང་། རིག་གནས་སྣ་ཚོགས་ཁྲོད་གལ་ཆེན་པོར་གྱུར་པའི་ཨང་གྲངས་༡༠༨ཀྱི་ལམ་སྟོན་གྱི་སྐུལ་འདེད་འོག་འཆར་འགོད་བྱས་པ་ཞིག་ཡིན།
༡༠༨ཞི་བདེ་ལྟེ་གནས་ཀྱི་ངོས་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚེ་དང་མཛད་བཟང་གི་སྐུལ་འདེད་ལ་བརྟེན་ནས་བསྒྲུབས་པའི་རང་དབང་དང་། མང་གཙོ། གནམ་གཤིས་འགྱུར་ལྡོག་གི་ལས་འགུལ། དེ་བཞིན་འགོ་ཁྲིད་ནུས་རྩལ་བཅས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་གལ་གནད་ཅན་གྱི་ལས་དོན་འདི་ལ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མཉམ་ལས་གནང་འདོད་ཡོད་པའི་གྲོགས་ཕོ་མོ་དང་། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མི་སྣ་རྣམས་ལ་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། མཉམ་འབྲེལ་བྱས་ནས་དུས་རབས་ཉེར་གཅིག་པའི་རྙོག་འཛིང་ཆེ་བའི་དཀའ་ངལ་ཁག་ལ་གདོང་ལེན་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཡིན།
ཞི་བདེ་མཚོན་བྱེད་ཀྱི་ཕུག་རོན་འདི་ལ་ཕུག་རོན་གཞན་དང་མི་འདྲ་བར་མེ་ལྕེའི་གཤོག་པ་གཉིས་ཡོད་ཅིང་། བཟོ་བཀོད་འདིའི་བསྟན་དོན་གཙོ་བོ་ནི། ཐ་ན་ཆེས་ཛ་དྲག་ཆེ་བའི་གནས་སྐབས་སོགས་གནས་སྟངས་ཅི་ཞིག་གི་ཁྲོད་དུའང་། ཞི་བདེ་ནི་མཐར་ཐུག་གི་ཐབས་ལམ་ཉག་གཅིག་ཏུ་གྱུར་པ་དེ་ཡིན། གུ་ཡངས་ནའང་ཞུམ་པ་མི་མངའ་བའི་ཞི་བདེའི་ཕུག་རོན་འདི་ཡིས་ཞི་བདེ་དང་འདུམ་སྒྲིག་རྒྱུན་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པ་ཡིན།
སྒོར་དབྱིབས་གཉིས་ཕན་ཚུན་སྦྲེལ་ནས་གྲུབ་པའི་ཨང་གྲངས་ "8" ཀྱི་རང་བྱུང་གི་བཟོ་བཀོད་ཀྱིས། བསམ་བློ་དང་འདུ་ཤེས་འཛིན་སྟངས་གཉིས་སམ། ཡང་ན་མི་སྡེའི་སྤྱི་ཚོགས་གཉིས་ཀྱི་མཉམ་འཛོམས་ཀྱི་འབྲེལ་བ་མཚོན་ཡོད་པར་མ་ཟད། གྲངས་ཀ་ "8" ཀྱི་བཟོ་དབྱིབས་འདི་ཡིས་རྟག་བརྟན་འགྱུར་མེད་ཀྱི་འབྲེལ་བའི་མཚོན་རྟགས་ "∞" འདིའང་མཚོན་ཡོད།
ཨང་གྲངས་ "108" ནང་གི་ཨང་གྲངས་ "1" ནི། རང་དབང་དང་། མང་གཙོ། གནམ་གཤིས་ལས་འགུལ། འགོ་ཁྲིད་ནུས་རྩལ་བཅས་ཀྱི་རྩ་དོན་ཁག་ལ་བཅངས་པའི་ལྷག་བསམ་གཡོ་བ་མེད་པའི་སྒུལ་ཤུགས་ཀྱིས་དགུང་ལ་ཡར་སྟོད་པའི་མདའ་ཡི་འགུལ་བསྐྱོད་ཀྱི་མཚོན་དོན་ཡིན་ལ། འདིའི་བསྟན་དོན་ནི། རྩ་དོན་དེ་དག་གོང་སྤེལ་དུ་གཏོང་བའི་ཆོད་སེམས་བརྟན་པོ་ཡིན།
བོད་ཀྱི་སྲོལ་རྒྱུན་ཁྲོད་ཀྱི་ཉི་མ་དང་ཟླ་བའི་དབྱིབས་དང་ཆ་འདྲ་བའི་ཨང་གྲངས་ "0" ནི། ཤེས་རབ་དང་སྙིང་རྗེ་ཟུང་དུ་སྦྲེལ་པའི་མཚོན་དོན་ཞིག་སྟེ། ཉི་མས་གསལ་ཆ་དང་ཤེས་རབ་མཚོན་པ་དང་ཟླ་བས་སྙིང་རྗེ་དང་ལམ་སྟོན་མཚོན་ལ། དེ་གཉིས་ཟུང་དུ་འབྲེལ་ནས་ཕུག་རོན་གྱིས་མཚོན་པར་བྱས་པའི་ཞི་བདེ་དར་སྤེལ་གཏོང་བ་དང་འཆམ་མཐུན་སྐྲུན་པར་བྱེད།

ལས་རྟགས་འདི་ནི། ༡༠༨ཀྱི་སྣ་མང་རིག་གནས་ཀྱི་གལ་གནད་ཟབ་མོའི་མཚོན་དོན་ཞིག་སྟེ། མི་དང་རང་བྱུང་ཁམས་དབར་གྱི་གཅིག་གྱུར་དང་འབྲེལ་བ་དང་། དེ་བཞིན་ཞི་བདེ་དང་དྲང་བདེན་གྱི་རྩ་དོན་གསལ་བའི་མཚོན་དོན་ཞིག་ཡིན།
ང་ཚོའི་འཆར་སྣང་།
༡༠༨ཞི་བདེ་ལྟེ་གནས་ཀྱི་འཆར་སྣང་ནི། ཕུགས་བསམ་ཙམ་མ་ཡིན་པར་དངོས་ཡོད་འཚོ་བའི་ཁྲོད་ནས་མི་སྒེར་རེ་རེ་དང་འཛམ་གླིང་སྤྱི་ཡོངས་སུ། རང་དབང་དང་། ཞི་བདེ། དེ་བཞིན་ཡུན་གནས་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུ་དེ་ཡིན།
ང་ཚོའི་འཆར་གཞི།
༡༠༨ཞི་བདེ་ལྟེ་གནས་ཀྱི་ངོས་ནས་ང་ཚོའི་དུས་རབས་འདིའི་ཛ་དྲག་ཆེ་ཤོས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། ང་ཚོས་ཐབས་མཁས་དང་དང་མཉམ་ལས་རང་བཞིན་གྱི་ཐབས་ལམ་བརྒྱུད་ནས། ཆོས་དད་རང་དབང་དར་སྤེལ་དང་། མང་གཙོའི་རིན་ཐང་གོང་སྤེལ། གནམ་གཤིས་འགྱུར་ལྡོག་གི་སྲུང་སྐྱོབ་ལས་འགུལ། དེ་བཞིན་འགན་འཁྲི་ལྡན་པའི་འགོ་ཁྲིད་སྐྱེད་སྲིང་གི་ལས་གཞི་ཁག་ཟུང་འབྲེལ་གྱི་སྤེལ་རྒྱུ་ཡིན།
ང་ཚོའི་ལག་ལེན།
ང་ཚོར་འཕྲད་བཞིན་པའི་རྙོག་འཛིང་ཅན་གྱི་དཀའ་ངལ་ཁག་ལ་གཞིགས་ནས་ང་ཚོའི་ལག་ལེན་གྱི་ལས་གཞིའང་གཤམ་གསལ་ལྟར་སྣ་ཚོགས་པ་ཡིན།

རང་དབང་དང་སྨྲ་བརྗོད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པ།

མང་གཙོའི་སྲོལ་རྒྱུན་མེད་ས་དང་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོ་དར་སྤེལ་གཏོང་བ།

ཛ་དྲག་དང་གཟབ་ནན་གྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་པ།

འགན་འཁྲི་ཅན་གྱི་འགོ་ཁྲིད་སྐྱེད་སྲིང་བྱེད་པ།

རང་དབང་དང་སྨྲ་བརྗོད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པ།

མང་གཙོའི་སྲོལ་རྒྱུན་མེད་ས་དང་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོ་དར་སྤེལ་གཏོང་བ།

ཛ་དྲག་དང་གཟབ་ནན་གྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་པ།
