འབུམ་རམས་པ་བློ་བཟང་སེང་གེ

ཚོགས་གཙོ་དང་གསར་འཛུགས་གནང་མཁན།

ལྟེ་གནས་འདི་ཉིད་ཀྱི་ཚོགས་གཙོ་དང་གསར་འཛུགས་གནང་མཁན་བློ་བཟང་སེང་གེ་མཆོག་ནི། ཧ་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤེ་ཡའི་ཁྲིམས་ལུགས་ཆེད་སྦྱོང་སྡེ་ཚན་གྱི་གདན་ཞུའི་ཉམས་ཞིབ་པ་བགྲེས་པ་ཡིན་ལ། དེ་སྔོན་མང་གཙོའི་ལམ་ནས་མི་མང་གིས་འོས་བླུགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་ཐེངས་གཉིས་བསྟུད་མར་འདེམས་ཐོན་བྱུང་སྟེ། ཕྱི་ལོ་ ༢༠༡༡ ནས་ ༢༠༢༡ བར་ཕྱག་ལས་གནང་ཡོད། རྒྱ་གར་གྱི་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ཁྲིམས་ལུགས་སྐོར་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་ཧ་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ཁྲིམས་ལུགས་རིག་པའི་གཙུག་ལག་རབ་འབྱམས་པ་(LLM) ཐོན་པ་དང་། ༢༠༠༤ ལོར་ཁྲིམས་ལུགས་རིག་པའི་འབུམ་རམས་པ་(SJD) ཡི་སློབ་མཐར་ཕྱིན། ཁོང་གིས་བྲིས་པའི་འབུམ་རམས་པའི་ཞིབ་འཇུག་ཆེད་རྩོམ་དང་ཧ་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ཤར་ཨེ་ཤེ་ཡའི་སྐོར་ལ་ཕན་ཐོགས་ཆེ་བའི་གོ་རྟོགས་སྤེལ་བ་ལ་བརྟེན་ནས། ཡཱོང་ཀེ་ཁེམ་རྗེས་དྲན་གཟེགས་རྟགས་(Yong K. Kim’ 95 Memorial Prize) ཐོབ། ཧ་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ཡོད་སྐབས། ཁོང་གིས་བོད་དང་། ནུབ་ཕྱོགས། དེ་བཞིན་རྒྱ་ནག་སོགས་ཀྱི་མཁས་དབང་མང་པོ་ཆེད་སྐོང་བྱས་ཏེ་ཕྱི་འབྲེལ་རང་བཞིན་གྱི་བགྲོ་གླེང་དང་ཚོགས་འདུ་ཆེ་ཁག་ཐེངས་བདུན་གོ་སྒྲིག་དང་སྐོང་ཚོགས་གནང་པར་མ་ཟད། དེའི་ཁྲོད་ཀྱི་མངོན་གསལ་དོད་ཤོས་གཅིག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་དུ་རྒྱ་ནག་གི་མཁས་དབང་དང་སློབ་ཕྲུག་མཇལ་འཕྲད་ཀྱི་ཚོགས་འདུ་ཐེངས་དང་པོར་གོ་སྒྲིག་ཞུས་པ་དེ་རེད།